[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • “འདི་གར་དགའ་ཞེན་བྱེད་དགོས་ལ། ཞི་མཐུན་ལྷིང་འཇགས་དེ་བས་ཀྱང་ཡོང་བ་བྱེད་དགོས”

    ​བགྲེས་སོང་པད་མ་དབང་ཕྱུག་དང་མཉམ་དུ་སྐོར་གཡེང་ཐེངས་གསུམ་བསྐྱོད་པའི་མྱོང་ཚོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཐོ་རེངས་ཀྱི་ཆུ་ཚོད་བདུན་དང་ཕྱེད་ཀ་ཏག་ཏག་ལ་བགྲེས་སོང་པད་མ་དབང་ཕྱུག་རྟག་ཏུ་གཉིད་སད་ཀྱི་ཡོད། དེ་ནི་ལོ་མང་རིང་འཇགས་པའི་གོམས་གཤིས་ཤིག་ཡིན། ཞོགས་པ་ཡར་ལངས་སྟེ་ཁ་བཤལ་ངོ་འཁྲུད་བྱས་རྗེས་ཁོང་གིས་ཁང་པའི་རྩིག་ཟུར་གྱི་ཕྱགས་མ་བླངས་ཏེ་གད་འཕྱག་པ་དང་བཟའ་ཟླས་ཐབ་ཚང་དུ་ཇ་སྲུབས་མ་བཟོས་ནས་ཞོགས་ཇ་བཏུང་། ཀརྨ་དགོན་གསར་སྡེ་ཁུལ་གྱི་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མིའི་གྲས་ཤིག་ཡིན་པའི་བགྲེས་སོང་པད་མ་དབང་ཕྱུག་དགུང་ལོ་མཐོན་པོ་ཡིན་ནའང་ཉིན་ལྟར་སྐོར་གཡེང་བྱེད་སྐབས་རྟག་འབྱོར་བྱེད་ཀྱི་ཡོད། ཁྲེང་ཀོན་ཆུས་སྲིད་གྲོས་ནས་ཡིན་པའི་ཁོང་ནི་1965ལོར་ལས་ཀར་ཞུགས་པ་དང་2002ལོར་རྒན་ཡོལ་ཞུས་ཤིང་། ཁོང་གི་མི་ཚེ་ཕྱེད་ཀ་ཁྲེང་ཀོན་ཆུས་སུ་བསྐྱལ་བས་དེའི་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ་ལ་ད་ལྟའི་འཚོ་བར་སྔར་བས་གཅེས་སྤྲས་བྱེད་དགོས་པ་ཤེས་ཀྱི་ཡོད།

    ཀརྨ་དགོན་གསར་སྡེ་ཁུལ་གྲོང་ལྷན་གྱི་སྒོ་སྲུང་ཁང་ནི་གཉིས་ལྡན་དུད་སྦྲེལ་12ཀྱི་ཉིན་མོ་སྐོར་གཡེང་བྱེད་སྐབས་འཛོམས་ས་ཤིག་རེད། ཕན་ཚུན་འཚམས་འདྲི་བྱས་རྗེས་ལོ་དང་ལས་རིགས་མི་འདྲ་བའི་གཉིས་ལྡན་དུད་སྦྲེལ་12ཀྱིས་ཉིན་རེའི་སྐོར་གཡེང་བྱེད་འགོ་ཚུགས།

    “ཚོང་ཁང་གི་དཔུང་རྟགས་དམར་པོ་དེ་ཐོགས་ཤིག”ཅེས་ཚོང་ཁང་གི་སྒོ་རྩར་སླེབས་སྐབས་པད་མ་དབང་ཕྱུག་གིས་ངང་རྒྱུད་རིང་པོས་དེ་ལྟར་བརྗོད། ཚོང་དུད་ཁག་གཅིག་གིས་དཔུང་རྟགས་བོར་བ་ཤེས་འཕྲལ་པད་མ་དབང་ཕྱུག་གིས་ཁུག་མ་ནས་དཔུང་རྟགས་བཏོན་ཏེ“མགྱོགས་པོ་ཐོགས་ཤིག”ཅེས་སྤྲོད་ཀྱི་ཡོད། བགྲེས་སོང་གིས་དཔུང་རྟགས་དམར་པོ་བཏགས་ཚེ་ཉེ་འཁོར་ཚོང་དུད་ལ་འགན་སེམས་ཤིག་བསྐྱེད་དེ་རྒྱག་རེས་རྒྱག་པའམ་དོགས་གཞི་ཡོད་པའི་མི་ཐུག་ཚེ་འཕྲལ་མར་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་འཚོལ་བའམ་སྡེ་ཁུལ་ལས་དོན་པ་འཚོལ་བར་ཡོང་གི་ཡོད། དེ་འདྲ་བྱུང་ཚེ་བརྟན་ལྷིང་དང་ཞི་མཐུན་མེད་པའི་རྐྱེན་རྩ་ཐོན་མ་ཐག་མེད་པ་བཟོ་རྒྱུར་ཕན་ཐོགས་ཡོད་ཅེས་གསར་འགོད་པར་བཤད།

    གཞན་གྱིས་སྣང་བ་དེ་ཙམ་མི་གཏོང་བའི་བྱ་བ་ཆུང་ཙག་ཅིག་ཡིན་ཡང་། སྐོར་གཡེང་རུ་ཁག་གིས་ཉིན་ལྟར་དོན་ཆེན་ཞིག་ཏུ་བརྩིས་ཏེ་ཞིབ་བཤེར་བྱེད་ཀྱི་ཡོད། གལ་སྲིད་ཞིབ་ཚགས་པོ་དང་ལས་ཀ་ཏན་ཏིག་མ་བྱུང་ཚེ་མངོན་མེད་རྐྱེན་ངན་ཆུང་ཙག་གིས་ཉེན་ཁ་ཆེན་པོ་བཟོ་སྲིད། ཆུ་ཚོད་གཅིག་ཙམ་གྱི་རྗེས་སྐོར་གཡེང་རུ་ཁག་ཀརྨ་དགོན་གསར་སྡེ་ཁུལ་གྲོང་ལྷན་དུ་འབྱོར་གྱི་ཡོད། “ད་རེས་སྐོར་གཡེང་ཆུ་ཚོད་གཅིག་ཙམ་ལས་འགོར་མེད་པ་དང་དུས་རྒྱུན་དེ་ལས་མང་བ་འགོར་གྱི་ཡོད” ཀརྨ་དགོན་གསར་སྡེ་ཁུལ་དུ་ཁྱོན་མི་འབོར་10636ཡོད་པའི་ཁྲོད་80%ཙམ་ཕྱི་ནས་འོང་བ་ཤ་སྟག་ཡིན། ཟླ་གསུམ་པར་ཕྱི་ནས་ཚོང་རྒྱག་པར་ཡོང་མཁན་དེ་ཙམ་མང་པོ་མེད་པས་རྩོད་གཞི་དང་རྙོག་དྲའང་ཉུང་བར་བརྟེན་སྐོར་གཡེང་རུ་ཁག་གིས་ཉིན་ལྟར་ཐག་གཅོད་བྱེད་པའི་གནད་དོན་ཡང་ཅུང་ཉུང་བ་ཡོད་པ་རེད།

    ཕྲུ་གུ་གཉིས་ཕྱི་རུ་ལས་ཀར་ཡོད་པ། པད་མ་དབང་ཕྱུག་ཀརྨ་དགོན་གསར་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་མི་སྣ་དང་ཅི་འཕྲོས་མོལ་འཕྲོས་བྱ་རྒྱུར་དགའ་པོ་ཡོད། གྲོང་མི་ཨུ་ལྷན་གྱི་ན་གཞོན་ལས་དོན་མི་སྣར་ལ་ཕུན་སུམ་ཚོགས་པའི་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཡོད་ལ་གཞི་རིམ་མང་ཚོགས་ལ་སེམས་རྩ་འཁོལ་པོ་ཡོད་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་མང་པོ་ཤེས་ཀྱི་ཡོད་པས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཡོད་པས་ཁོང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱ་རྒྱུར་ཧ་ཅང་དགའ་པོ་ཡོད།

    དེ་རིང་བགྲེས་སོང་གིས་འཚོལ་ས་ནི་ཀརྨ་དགོན་གསར་སྡེ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་ཚེ་རིང་ཡིན་ཞིང་། “ཁྲེང་ཀོན་ཆུས་ད་ལྟ་འཕེལ་རྒྱས་མྱུར་པོ་ཕྱིན་འདུག ཐོག་བརྩེགས་ཁང་ཆེན་མང་པོ་བསྐྲུན་པ་དང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་ཁྲོམ་གཞུང་ཆེ་ཆུང་གང་སར་ཡོད། ཡིན་ནའང་དོ་དམ་བྱ་རྒྱུ་སྤྱིའི་ཆ་ནས་འདང་གི་མི་འདུག”ཅེས་པད་མ་དབང་ཕྱུག་གིས་བརྗོད་པ་དང་། ཁོང་ཁྲེང་ཀོན་ཆུས་སུ་འཚོ་བ་བསྐྱལ་ནས་ལོ་53སོང་བ་དང་འགྱུར་ལྡོག་དེ་འདྲ་བྱུང་བར་སེམས་གཏིང་ནས་དགའ་ཚོར་ཆེན་པོ་ཡོད་མོད། འོན་ཀྱང་ཁྲེང་ཀོན་ཆུས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཐོན་པའི་གནད་དོན་ལའང་སེམས་ཁྲལ་བྱེད་ཀྱི་ཡོད། བགྲེས་སོང་གི་སེམས་ཁྲལ་དེ་དག་ཉི་མ་ཚེ་རིང་ལའང་ཡོད་ཅིང་། “ཙུའུ་ཀྲང་ལགས། ཁྱེད་ཀྱིས་གསུངས་པའི་གནད་དོན་དེ་ང་ཚོ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཀྱང་ཤེས་བྱུང་། ཁྲེང་ཀོན་ཆུས་ཀྱི་དོ་དམ་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྗེས་སུ་ལུས་པས་རེད”ཅེས་ཉི་མ་ཚེ་རིང་གིས་བརྗོད། “ད་ག་རང་རེད། ན་ནིང་ཁྲེང་ཀོན་ཆུས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐད་ང་ཚོ་ལས་བྱེད་པ་རྒན་གྲས་ཀྱི་བསམ་འཆར་བསྡུ་ལེན་བྱེད་སྐབས་ངས་ཀྱང་དེའི་སྐོར་གླེང་བ་ཡིན། འབྲེལ་ཡོད་སྡེ་ཚན་གྱིས་དེའི་ཐད་མཐོང་ཆེན་བྱ་རྒྱུའི་རེ་བ་ཡོད”ཅེས་པད་མ་དབང་ཕྱུག་གིས་བརྗོད།

    ཉི་མ་ཚེ་རིང་དང་ཅི་འཕྲོས་མོལ་འཕྲོས་བྱས་རྗེས་བགྲེས་སོང་གི་སེམས་པ་དགའ་ལྷང་ལྷང་དུ་གྱུར། ཧ་གོ་མེད་པར་དགུང་ཟས་ཟ་བའི་དུས་སུ་སླེབས། བྲེལ་བ་ཆེན་པོས་ཁྱིམ་དུ་ལོག་ནས་བཟའ་ཟླ་དང་མཉམ་དུ་ཚལ་གཉིས་བརྔོས་ཏེ་དགུང་ཟས་བཟས། ངལ་གསོ་ཏོག་ཙམ་བརྒྱབ་རྗེས་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར་སླར་ཡང་ཉེན་ཟོན་སྐོར་ཞིབ་ཐེངས་གཉིས་པ་བྱེད་པར་བསྐྱོད།

    ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀར་ཉེན་ཟོན་སྐོར་ཞིབ་བྱེད་མཇུག་འགྲིལ། ཡིན་ནའང་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི་ཚོའི་ཉིན་གཅིག་གི་ལས་ཀ་ཚར་བ་མཚོན་གྱི་མེད། གལ་ཏེ་གྲོང་མི་ཨུ་ལྷན་གྱི་བརྡ་ཐོ་འདྲ་འབྱོར་ཚེ་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི་རྣམས་ཁྱིམ་དུ་ལོག་ནས་ཁྱིམ་ཚང་རེ་རེ་བཞིན་ལ་བརྡ་ཐོ་གཏོང་བར་འགྲོ་དགོས་ཀྱི་ཡོད། དེས་མ་ཚད་ཆེས་འགག་རྩ་ནི་ཁོང་ཚོས་ཉེན་ཟོན་སྐོར་ཞིབ་བྱེད་ཐེངས་གསུམ་པའི་གྲ་སྒྲིག་བྱེད་དགོས་པ་དེ་རེད།

    ཉེན་ཟོན་སྐོར་ཞིབ་བྱེད་ཐེངས་གསུམ་པ་ནི་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་ཡིན་པ་དང་། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཁྱིམ་ཚང་རེ་རེ་བཞིན་ལ་ཐོ་འགོད་པར་བསྐྱོད་རྒྱུ་དེ་རེད། ཀརྨ་དགོན་གསར་སྡེ་ཁུལ་དུ་རྒྱུན་སྡོད་མི་འབོར་དུད་ཚང་1146དང་མི་གྲངས་2247ཡོད་པ་དང་། ཕྱོཌ་མི་8389ཡོད་པ་རེད།

    ཉེན་ཟོན་སྐོར་ཞིབ་ཐེངས་གཉིས་བྱས་རྗེས་་གསར་འགོད་པ་ངལ་དུབ་ཀྱིས་མནར་བྱུང་བས། པད་མ་དབང་ཕྱུག་ལོ་ན་མཐོ་བས་དགོང་མོ་སྐོར་ཞིབ་བྱེད་པར་བསྐྱོད་རྒྱུ་མ་རེད་སྙམ། ཡིན་ནའང་བགྲེས་སོང་ཁོང་སེམས་ཤུགས་དེ་བས་ཆེ་བ་འདུག

    དེ་ཉིན་དགོང་མོའི་ཆུ་ཚོད་བརྒྱད་པ་ཙམ་ལ་གསར་འགོད་པ་སླར་ཡང་བགྲེས་སོང་པད་མ་དབང་ཕྱུག་དང་མཉམ་དུ་ཉེན་ཟོན་སྐོར་ཞིབ་ཐེངས་གསུམ་པ་བྱེད་པར་བསྐྱོད་པ་ཡིན། ཆུ་ཚོད་གཉིས་རིང་དུད་ཚང་ཚང་མར་བསྐྱོད་དེ་ཐོ་འགོད་བྱ་རྒྱུ་དེ་རྙོག་དྲ་ཆེན་པོ་ཞིག་ཡོད་རུང་། ཁོང་གིས་ཐོ་འགོད་ཞིབ་ཚགས་བྱེད་པ་དང་། རྒྱུན་སྡོད་མི་འབོར་གྱི་ཐོ་འགོད་དེབ་ཁྱེར་ནས་དེ་ཁུལ་དུ་སྡོད་མཁན་གསར་པར་གང་ནས་ཡོང་བ་དང་། ལས་ཀ་གང་བྱེད་མིན། ཡོང་འབབ་ཀྱི་ཡོང་ཁུངས་སོགས་ཐོ་འགོད་ཞིབ་ཚགས་གནང་གི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།