[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྨན་བཅོས་སྒྲིག་གཞིར་མེ་སྐྱོན་མ་ཤོར་སྔོན་འགོག་བྱས་པ།

    ​ རང་ལྗོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཧན་གོའི་སྨི་དབྱང་གྲོང་ཁྱེར་ཧྲི་ཙུང་སྨན་ཁང་དུ་མེ་སྐྱོན་ཐོན་པའི་བསླབ་བྱ་ནན་ཏན་ངང་བླངས་ནས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ། མེ་སྐྱོན་ནང་མི་ཤི་བའི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཉེ་དུས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་དང་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་མེ་ཟོན་བདེ་འཇགས་ཞིབ་བཤེར་གཅིག་སྡུད་ཐོག་བྱས་པ་རེད།

    གཅིག ཚད་མཐོའི་མཐོང་ཆེན་བྱས་ནས་མྱུར་དུ་བཀོད་སྒྲིག་བྱས་པ།

    ཧན་གོ་སྨི་དབྱང་གྲོང་ཁྱེར་ཧྲི་ཙུང་སྨན་ཁང་དུ་མེ་སྐྱོན་ཐོན་རྗེས་བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་མེ་སྐྱོན་གྱི་དོན་རྐྱེན་གནས་ཚུལ་མགྱོགས་མྱུར་བརྡ་ཁྱབ་བཏང་ནས་ལྗོངས་ཡོངས་ཀྱི་སྨན་ཁང་གི་མེ་སྐྱོན་སྔོག་འགོག་ཚོད་འཛིན་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། སྤྱི་ཁྱབ་རུ་ཁག་གིས་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་དང་ཆེད་དོན་གྲོས་མོལ་བྱས་ནས《ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་གཅིག་སྡུད་ཐོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཏང་སྟེ་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་འཆར་བཙའི་སྲིད་འཛིན་སྡེ་ཚན་དང་མེ་ཟོན་སྡེ་ཚན་སྐུལ་སློང་གིས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་གཅིག་སྡུད་ཐོག་བྱས་ནས་བདེ་འཇགས་འགན་ལེན་བྱས་པ་རེད།

    གཉིས། གཙོ་གནད་འབུར་ཐོན་གྱིས་གྲལ་བཤེར་བཅོས་སྒྲིག་བྱས་པ།

    ཐེངས་འདིའི་ཞིབ་བཤེར་ལས་དོན་སྤེལ་རིང་། རིམ་ཁག་འཕྲོད་བསྟེན་འཆར་བཙའི་སྲིད་འཛིན་སྡེ་ཚན་གྱི་དོ་དམ་ཁྱབ་ཁོངས་ནང་གི་རིམ་ཁག་སྨན་བཅོས་དང་དེ་བཞིན་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཁག་གིས་ཐོན་སྐྱེད་དང་། གསོག་འཇོག བྲིན་ཚོང་། སྐྱེལ་འདྲེན་བཅས་དང་། འབར་གས་སླ་བ། དབྱང་རླུང་། དུག་ཆེན། སྦིར་སྨན་སོགས་ཉེན་ཆེའི་དངོས་རྫས་བེད་སྤྱོད་བྱེད་མཁན་གྱི་གཙོ་གནད་ཁོའོ་ཧྲི་དང་སྡེ་ཚན་ཚང་མ་ཞིབ་བཤེར་ཁྱབ་ཁོངས་ནང་བཅུག་ནས“གཅིག་ཀྱང་མི་ལུས་པའི”འགན་ལེན་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་མེ་གསོད་སྒྲིག་ཆས་དང་། མེ་གསོད་ཡོ་བྱད། སྒྲིག་འགལ་ཨར་སྐྲུན། མེ་ཟོན་གྱི་སྲིད་འཛིན་ཆོག་འཐུས་སོགས་ཀྱི་མངོན་མེད་རྐྱེན་ངན་རིགས་5ཞིབ་བཤེར་གྱི་གཙོ་གནད་ཞིབ་བཤེར་གྱི་ཁྱབ་ཁོངས་སུ་བཅུག་ཁར། ལམ་ལུགས་འཛུགས་སྐྱོང་དང་། ལམ་ལུགས་དོན་འཁྱོལ། དྲིལ་བསྒྲགས་གསོ་སྦྱོང་སོགས་གཙོ་གནད་དོ་དམ་གྱི་རིགས་6ཞིགསལ་པོར་བཟོས་ནས་ཕྱོགས་གཅིག་ལ་ཞིབ་བཤེར་བྱས་ནས་ཕྱོགས་གཅིག་བློ་ཡིད་ཚིམ་པོ་ཡོང་བའི་འགན་ལེན་བྱས་ཡོད།

    གསུམ། རྒྱུན་རྣམ་ལ་གཞི་ཚུགས་ནས་རྨང་གཞི་བརྟན་དུ་བཏང་བ།

    ལས་ཀའི་ཕུགས་ཕན་ལས་ལུགས་ཆགས་པ་བྱ་ཆེད། ཐེངས་འདིའི་ཞིབ་བཤེར་ལས་དོན་སྤེལ་རིང་། རིམ་ཁག་སྨན་བཅོས་སྒྲིག་གཞིར་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། མེ་ཟོན་བདེ་འཇགས་ཀྱི་དོ་དམ་དཔུང་ཁག་འཛུགས་པ། ཉིན་རེར་སྐོར་ཞིབ་དང་ཟླ་རེར་ཞིབ་བཤེར་བྱེད་པ་སོགས་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ལོ་ལྟར་མེ་ཟོན་བདེ་འཇགས་ལས་དོན་ཐད་ཆེད་དོན་ཞིབ་འཇུག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རིམ་ཁག་འཕྲོད་བསྟེན་འཆར་བཙའི་སྲིད་འཛིན་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་སྒྲིག་གཞིར་མ་དངུལ་གྱི་གཏོང་ཆའི་ལམ་སྲོལ་བརྟན་པོ་བཙུགས་ནས་མེ་ཟོན་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་གཞིར་བཟུང་མེ་ཟོན་སྒྲིག་ཆས་དང་ཡོ་བྱད་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག དུས་བཀག་ལྟར་ཉམས་གསོ་གསོ་སྐྱོང་དང་ཞིབ་དཔྱད་བྱས་ནས་འཁོར་སྐྱོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།