[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • རང་ལྗོངས་ཀྱིས“བཅའ་ཁྲིམས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-12-07

    “ངས་གཞི་རིམ་ལ་དཀའ་གནད་སེལ་རོགས་བྱེད”པའི་བྱེད་སྒོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། “འགྱངས་ཆད་གཉིས”བཅོས་སྒྲིག་སྐོར་གྱི་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་གཉེར་སྐྱོང་མི་སྣས་ཁྲིམས་ལྟར་ལས་སྒྲུབ་དང་ཁྲིམས་སྲུང་གཉེར་སྐྱོང་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཡག་པོ་གཏོད་པ་བཅས་བྱེད་ཆེད། ཉེ་དུས་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་རྩོད་པའི་ལས་དོན་ཁྲུའུ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁྲུའུ་བཅས་ཀྱིས་མཉམ་དུ“བཅའ་ཁྲིམས་ཁེ་ལས་སུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བ་རེད། ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་30ལྷག་ཙམ་གྱི་གཉེར་སྐྱོང་དོ་དམ་མི་སྣ་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོ་དེ་ཁྲིམས་སྐྱོང་གི་བརྙན་ཐུང་ལྟ་བ་དང་ཆེད་དོན་སློབ་ཁྲིད་ཉན་པ། ས་གནས་ས་ཐོག་ཏུ་སྐད་ཆ་འདྲི་བ་བཅས་ལ་བརྟེན་ནས་སྤེལ་བ་རེད། འཆད་ཁྲིད་ལ་བོད་ལྗོངས་ཙང་ཤིན་གཞུང་དཔང་ཁྲུའི་གཞུང་དཔང་བ་ཅང་ཡུན་དང་བོད་ལྗོངས་ཇོ་མོ་གླང་མ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་འཆི་མེད་གདན་དྲངས་ཡོད་པ་རེད། གཞུང་དཔང་བ་ཅང་ཡུན་གྱིས་ཁེ་ལས་ཀྱི་གཞུང་དཔང་སྒྲུབ་གཉེར་གྱི་བརྒྱུད་རིམ་དང་མཁོ་འདོན་བྱེད་དགོས་པའི་དཔང་རྟགས་ཀྱི་དཔྱད་གཞིའི་ཡིག་ཆ། དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་ཚན་བཅས་ཀྱི་ཐད་ནས་གོ་བདེ་རྟོགས་སླའི་ངང་འགྲེལ་བཤད་བརྒྱབ་པ་དང་། ཁྲིམས་རྩོད་པ་འཆི་མེད་ཀྱིས་རང་ཉིད་ཀྱི་གྱོད་སྒྲུབ་ཉམས་མྱོང་དང་ཟུང་འབྲེལ་དང་དཔེ་མཚོན་གྱོད་དཔེ་དྲངས་ཏེ་བཅའ་ཁྲིམས་ཀྱི་འགྲེལ་བཤད་དང་གནས་ལུགས་གསལ་བཤད་ཀྱི་ཐབས་ལམ་ལ་བརྟེན་ནས། ཁེ་ལས་ཀྱིས་ངལ་རྩོལ་ལས་མི་སྤྱོད་སྐབས་ཀྱི་འབྲེལ་ཡོད་དཀའ་གནད་དང་རྒྱུན་དུ་འཕྲད་པའི་བཅའ་ཁྲིམས་ཀྱི་གནད་དོན་ལ་འགྲེལ་བཤད་ཡག་པོ་བརྒྱབ་པ་རེད།

    བྱེད་སྒོའི་ཕན་འབྲས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ས་གནས་ས་ཐོག་ཏུ་བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་འཁོད་པའི་ཚ་དམ་དང་། ཨ་ཅོར། ལྟོ་ཕད་སོགས་བཅའ་ཁྲིམས་ཁྱབ་གདལ་གྱི་མཁོ་ཆས་དང་དེ་བཞིན《དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་ཁྱབ་གདལ་གྱི་དཔེ་དེབ་སྤྲད་པ་རེད། དེ་དང་ཆབས་ཅིག་དམངས་གཉེར་ཁེ་ལས་ཀྱི་ལས་སྒྲུབ་མི་སྣར་གནད་སྨིན་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་རིན་མེད་བཅའ་ཁྲིམས་ཞབས་འདེགས་ཐོབ་ཆེད། ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས“བོད་ཀྱི་རིག་ལྡན་བཅའ་ཁྲིམས་ཁྱབ་གདལ་ལས་སྟེགས་བེད་སྤྱོད་ཕྱོགས་སྟོན”སྤྲད་པ་རེད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས《གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་རྒྱུའི་གསལ་བརྡའི་ཡི་གེ》སྤྲད་ནས། ཁེ་ལས་ཀྱི་གཉེར་སྐྱོང་མི་སྣར་མགོ་སྐོར་བསླུ་བྲིད་འགོག་པའི་ཐབས་ཤེས་བསླབས་ཏེ་ཁེ་ལས་ཀྱི་གཉེར་སྐྱོང་མི་སྣ་དང་ལྷག་པར་དུ་ནོར་དོན་མི་སྣའི་མགོ་སྐོར་བསླུ་བྲིད་འགོག་པའི་འདུ་ཤེས་དང་མགོ་སྐོར་བསླུ་བྲིད་ཚོར་བའི་ནུས་པ་ཆེ་རུ་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་། ཁེ་ལས་ཀྱི་གཉེར་སྐྱོང་མི་སྣ་དང་། གཞུང་དཔང་བ། ཁྲིམས་རྩོད་པ་བཅས་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཁོ་ཚོས་དོགས་གཞིར་གཅིག་གཏད་གཅིག་གིས་འགྲེལ་བཤད་རྒྱག་པ་དང་། ངོ་ཐུག་གདོང་འཕྲད་ཀྱིས་སེམས་ཁྲལ་དང་དཀའ་གནད་བསལ་ནས་ཁེ་ལས་ཀྱི་གཉེར་སྐྱོང་མི་སྣར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་དེ་རིགས་སྤེལ་ན་ཧ་ཅང་ཡག་པོ་འདུག བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ཁེ་ལས་ཀྱི་གཞུང་དཔང་སྒྲུབ་གཉེར་དང་ལས་མི་བཀོལ་སྤྱོད་ཀྱི་བརྒྱུད་རིམ་དུ་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་དང་ཉེན་ཁར་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་བྱུང་ལ། གནད་དོན་འགོག་ཟོན་དང་སེལ་ཐབས་བྱེད་པའི་གཞི་རྩའི་བྱེད་ཐབས་དང་ཐབས་ཤེས་རྟོགས་བྱུང་བས། ཁྲིམས་ལྟར་གཉེར་སྐྱོང་དོ་དམ་ལ་སྐུལ་འདེད་གཏོང་བ་དང་འཆམ་མཐུན་ཁྲིམས་སྐྱོང་གི་དམངས་གཉེར་ཁེ་ལས་འཛུགས་པར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད་ཅེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།