[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཁྲིམས་ལུགས་ལ་བརྟེན་ནས་ཡུལ་སྲོལ་སྔར་བས་ལེགས་སུ་བཏང་བ།

    ​ —— འདྲེན་ཐང་མངགས་གཏོང་ཁྲིམས་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-26

    2017ལོར་གཏིང་སྐྱེས་རྫོང་མི་དམངས་ཁྲིམས་ཁང་འདྲེན་ཐང་མངགས་གཏོང་ཁྲིམས་ཁང་དངོས་སུ་ལས་འགོ་ཚུགས་པ་དང་། 2017ལོའི་ཟླ་1པོའི་ཟླ་སྟོད་དུ་གཏིང་སྐྱེས་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་3འདྲེན་ཐང་གྲོང་རྡལ་མངགས་གཏོང་ཁྲིམས་ཁང་དུ་བཅའ་སྡོད་བྱས་ནས“ཁྲིམས་ཁང་དང་གྲོང་སྡོད་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་ལས་དོན་སྤེལ་བ་རེད།

    2018ལོའི་ཟླ་4ཚེས་5ཉིན། འདྲེན་ཐང་གྲོང་རྡལ་གཙང་ཁ་གྲོང་ཚོའི་གྲོས་ཚོགས་ཁང་དུ“གཙང་ཁ་གྲོང་ཚོའི་བཅའ་ཁྲིམས་ཤེས་བྱའི་སློབ་ཁང”ཞེས་པའི་ཡིག་འབྲུ་ཤོག་ལྷེ་A4ཡི་སྟེང་བྲིས་ཏེ་འཕྲེད་འགེལ་སྦྱར་ཡིག་ཐོག་སྦྱར་ཡོད་པ་རེད།

    དགོང་མོའི་ཆུ་ཚོད་8པ་ཡོལ་ཙམ་དུ་གྲོང་ཚོའི་ནང་འཁྲུག་ཆ་དོད་དུ་འགྲོ་ཡི་ཡོད།

    ཡུལ་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་གྲོས་ཚོགས་ཁང་དུ་ཡོང་ཞིང་། གྲོང་སྡོད་ལས་བྱེད་ཉེན་རྟོག་པ་བཀྲ་ཤིས་ལྷ་རྒྱལ་དང་བསོད་ནམས་བུ་ཆུང་གཉིས་པོས་ཁྲིམས་ཁང་གི་གྱོན་ཆས་གྲལ་སྒྲིག་པོ་གྱོན་ཏེ་ཀྲུའུ་ཞི་སྡིངས་ཆའི་ཐོག་བསྡད་དེ་མདུན་དུ་དེབ་མཐུག་པོ་ཞིག་བཞག

    འདི་ནི་གཙང་ཁ་གྲོང་ཚོའི་བཅའ་ཁྲིམས་ཤེས་བྱའི་སློབ་ཚན་དང་པོ་དེ་ཡིན་ཞིང་། སློབ་ཁྲིད་ཀྱི་ནང་དོན་ནི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ཡིན་པ་རེད། སློབ་ཚན་གྱི་ནང་དོན་གཏིང་ཟབ་པོ་ཁྲིད་བཞིན་མི་ཚང་མས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་དང་ལྷག་པར་དུ། བུད་མེད་དང་ལོ་ཆུང་ཚོས་ཉན་བཞིན་མགོ་ལྕོག་ལྕོག་བྱེད་པ་དང་རྒན་རྒོན་ཚོས་ཉན་བཞིན་ཉན་བཞིན་བསམ་གཞིག་བྱེད་ཀྱི་ཡོད།

    “སློབ་ཚན་དང་པོ་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་སོང་། ང་ཚོས་གོམ་སྟབས་འདིར་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་བ་ཡིན”ཞེས་བཀྲ་ཤིས་ལྷ་རྒྱལ་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་སླད་ཕྱིན་ང་ཚོས་སྡེ་ཁུལ་དང་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་པའམ་ཡང་ན་ཡུལ་མི་ཚོ་གྲོང་ལྷན་དང་ཁྲིམས་ཁང་དུ་ཡོང་ནས་ལོགས་སུ་སྒྲོག་འགྲེལ་བྱ་རྒྱུའི་སྐུལ་ལྕག་གཏོང་གི་ཡོད། ཞིང་བྲེལ་སྐབས་ཡུལ་མིའི་རྨོ་འདེབས་ལ་ཤུགས་རྐྱེན་མི་ཕོག་པའི་གནས་ཚུལ་འོག་ང་ཚོས་ཞིང་ནང་དང་མུ་ཁར་བསྐྱོད་དེ་མང་ཚོགས་ཚོར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གོམ་སྟབས་འགྲེལ་བཤད་རྒྱག་གི་ཡིན་ཞེས་བརྗོད།

    “གཙང་ཁ་གྲོང་ཚོའི་བཅའ་ཁྲིམས་ཤེས་བྱའི་སློབ་ཚན”དེ་རིམ་བཞིན་མིང་གྲགས་ཆེ་རུ་ཕྱིན་ནས་ཁྲིམས་ལུགས་སློབ་ཚན་ལ་ཡོང་མཁན་སློབ་མ་ཇེ་མང་དུ་ཕྱིན་པ་དང་ཡུལ་མི་འགས་ཁྱིམ་མཚེས་ཁྲིད་དེ་སློབ་ཚན་ཉན་པར་ཡོང་གི་ཡོད། སློབ་ཚན་ཡང་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན་པ་མ་ཟད། ཡུལ་དངོས་ནས་ལན་རྒྱག་པ་དང་། གྱོད་དཔེར་དབྱེ་ཞིབ་བྱེད་པ། ཡུལ་མིས་ཉེ་འགྲམ་གྱི་གནད་དོན་གླེང་ནས་དྲི་བ་འདོན་པ་སོགས་ཀྱི་ནང་དོན་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    འགྲིམ་འགྲུལ་སྟབས་མི་བདེ་བའི་རྐྱེན་གྱིས་འདྲེན་ཐང་ལུང་ཤུར་དུ་ད་བར་གནའ་བོའི་ཡུལ་སྲོལ་གོམས་གཤིས་དང་སྲོལ་རྒྱུན་གྱི་གོམས་སྲོལ་སྔར་བཞིན་གནས་ཡོད། དེ་དང་འདྲ་བར་ས་གནས་མང་ཚོགས་ཀྱི་བསམ་བློའང་སྲོལ་རྒྱུན་གྱི་གོམས་གཤིས་ལས་སྒྲོལ་མེད་པ་དང་། བསམ་བློའི་ལྟ་བ་དང་བྱེད་ལུགས་བྱེད་སྟངས་ཚང་མ་ས་གནས་དེ་གའི་གནའ་བོའི་ཡུལ་སྲོལ་གཞིར་བཟུང་བྱེད་ཀྱི་ཡོད། དཔེར་ན། མནའ་མ་བསུ་སྐྱེལ་དང་གཤིན་པོ་དུར་སྐྱེལ་སོགས་ཀྱི་གོམས་སྲོལ་ཐད། བུ་དང་བུ་མོ་ཕྱོགས་གཉིས་པོའི་མོས་མཐུན་མ་ཐོབ་པར་བུའི་ཕ་མས་ཨ་རག་དཀར་པོ་ཤེལ་དམ་གང་དང་ཁ་བཏགས་ཤིག་འཁྱེར་ནས་བུ་མོའི་ཁྱིམ་དུ་གཉེན་སྒྲིག་གི་སློང་ཆང་གཏོང་བར་འགྲོ་བ་དང་། གཟའ་འཁོར་གཅིག་གི་རྗེས་སུ་བུ་མོའི་ཕ་མས་བུ་མོའི་མོས་མཐུན་མ་ཐོབ་པར་གཉེན་སྒྲིག་གི་དོན་ཆེན་ཐག་གཅོད་ཀྱི་ཡོད།

    ཡང་མི་ཞིག་ན་བའམ་ཡང་ན་དེར་བྱ་བ་ལམ་ལྷོངས་མ་བྱུང་ཚེ་འཕྲལ་མ་ཉིད་དུ་མོ་པའི་སར་བསྐྱོད་དེ་མོ་བརྒྱབ་ནས་ཐག་གཅོད་ཐབས་ལམ་འཚོལ་བ་ལས་ཚད་ལྡན་གྱི་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་བསྐྱོད་ཀྱི་མེད།

    དེར་བརྟེན། གྲོང་སྡོད་ལས་བྱེད་ཉེན་རྟོག་པ་མངགས་ཚུན། འདྲེན་ཐང་གྲོང་རྡལ་མངགས་གཏོང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྟག་བཤེར་བྱས་ནས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ཏེ་ཁུལ་དེར་འཚམ་ཤོས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གཏོང་ཐབས་འཚོལ་ཞིབ་ཀྱིས་སྟོབས་ཤུགས་ཕྲན་བུར་བརྟེན་ནས་ཁུལ་དེའི་གོམས་སྲོལ་ངན་པར་འགྱུར་ལྡོག་ཧུར་ཐག་གཏོང་བཞིན་ཡོད།

    འདྲེན་ཐང་མངགས་གཏོང་ཁྲིམས་ཁང་གི་ངོས་ནས་བརྗོད་ན། ཁོང་ཚོའི་ལས་ཀ་ནི་ཡུལ་སྲོལ་དེ་ཁྲིམས་ལུགས་ལ་བརྟེན་ནས་སྔར་བས་ལེགས་སུ་གཏོང་རྒྱུ་དེ་རེད།

    འདི་ལོར། ལྷ་ཆེ་གེ་མོའི་བུ་མོས་རང་གི་དགའ་རོགས་དང་མཉམ་དུ་གྲོང་ཁྱེར་དུ་གླ་པ་བྱེད་པར་བསྐྱོད་དེ་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྲུན་པ་དང་། འདི་ལོར། རིན་ཆེ་གེ་མོས་སླར་ཡང་འཇོར་འཁྱེར་ནས་ཞིང་ལས་བྱེད་པར་བསྐྱོད་པ། འདི་ལོར། འདྲེན་ཐང་མངགས་གཏོང་ཁྲིམས་ཁང་དུ་མངགས་གཏོང་ལས་བྱེད་ཉེན་རྟོག་པ་གསར་པ་སླེབས་ནས་ཁོང་ཚོས་མངགས་གཏོང་ལས་བྱེད་ཉེན་རྟོག་པ་གོང་མའི་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་འགན་འཁུར་ནས་བཅའ་ཁྲིམས་ཁྱབ་གདལ་དང་བཅའ་ཁྲིམས་ལ་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་གནད་དུ་བརྩིས་ནས་གྲོང་ཚོ་དང་དུད་ཚང་དང་། ཞིང་ནང་དང་མུ་ཁ། ནགས་ཚལ་ཁྲོད་བཅས་བསྐྱོད་དེ་སྒྲོག་འགྲེལ་གཏིང་ཟབ་བྱས་ནས་བཅའ་ཁྲིམས་མི་སེམས་སུ་ཟུག་པར་བྱས་ཏེ་ཡུལ་དེའི་ས་ཕྱོགས་གང་སར་ཁྲིམས་ལུགས་ཁྱབ་གདལ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།