[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • རང་ལྗོངས་ཀྱིས“ཉེན་ཐག་དང་ཚེ་སྲོག་སྲུང་ཐག”གི་བརྗོད་དོན་གཙོ་བོའི་ཁྲིམས་འཛིན་སློབ་གསོའི་བྱེད་སྒོ་འགོ་བཙུགས་པ།

    ཚེས་20ནས་བཟུང་ཁ་ལོ་བ་དང་འགྲུལ་པས་གཏན་འབེབས་ལྟར་ཉེན་ཐག་མ་བཏགས་ཚེ་ཆད་པ་གཅོད་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-06

    ཟླ་3ཚེས་1ཉིན། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུལ་སྒོར“ཉེན་ཐག་དང་ཚེ་སྲོག་སྲུང་ཐག”གི་བརྗོད་དོན་གཙོ་བོའི་ཁྲིམས་འཛིན་སློབ་གསོའི་བྱེད་སྒོ་སྤེལ་བའི་མཛད་སྒོ་ཚུགས་པ་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁོངས་གཏོགས་ཀྱིས་ཟླ་3ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“ཉེན་ཐག་དང་ཚེ་སྲོག་སྲུང་ཐག”གི་བརྗོད་དོན་གཙོ་བོའི་ཁྲིམས་འཛིན་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་ཁྲིམས་སྲུང་དང་ཤེས་དཔལ་ལྡན་པའི་ངང་ཕྱིར་སྐྱོད་ཀྱི་འདུ་ཤེས་བརྒྱུད་བསྒྲགས་བྱས་ཏེ་ཁ་ལོ་བ་དང་འགྲུལ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་རེད།

    ཟླ་3ཚེས་20ཉིན་ནས་བཟུང་གཏན་འབེབས་ལྟར་ཉེན་ཐག་མ་བཏགས་ཚེ་སྐར་མ་གཉིས་གཅོག་རྒྱུ།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཟླ་3ཚེས་1ཉིན་ནས་ཟླ་3ཚེས་20ཉིན་བར་ནི་ད་རེས་ཀྱི་བྱེད་སྒོའི་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་དུས་མཚམས་ཡིན་པས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་གཏན་འབེབས་ལྟར་ཉེན་ཐག་མི་འདོགས་མཁན་ལ་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་ཟླ་3ཚེས་20ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་ལྟར་དོ་དམ་ནན་པོ་དང་། ཞིབ་བཤེར་ནན་པོ། ཐག་གཅོད་ནན་པོ་བཅས་བྱས་ཏེ་གཏན་འབེབས་ལྟར་ཉེན་ཐག་མི་འདོགས་མཁན་ཁ་ལོ་བར་སྐར་མ་གཉིས་གཅོག་པའི་ཆད་པ་གཅོད་རྒྱུ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ཕུན་ཚོགས་ཀྱིས་རིམ་ཁག་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དྲིལ་བསྒྲགས་བྱ་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཁ་ལོ་བ་དང་འགྲུལ་པའི་ཉེན་ཐག་འདོགས་པའི་རང་རྟོགས་རང་བཞིན་མཐོ་རུ་ཧུར་ཐག་གཏོང་དགོས། ཉེན་ཐག་མི་འདོགས་མཁན་ལ་ཆེད་དོན་བཅོས་སྒྲིག་གི་སློབ་གསོའི་བྱེད་སྤྱོད་བརྒྱུད་ཁ་ལོ་བ་དང་འགྲུལ་པས་ཉེན་ཐག་མ་བཏགས་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགྲོ་ལམ་འགྲིམ་འགྲུལ་གྱིས་རྐྱེན་པས་མི་སྣ་ཤི་རྨས་བྱུང་བའི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གཞན་ཡང་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་དོ་དམ་ཁོངས་གཏོགས་ཀྱིས་ཉེན་ཐག་མ་བཏགས་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཐོ་འགོད་ཀྱིས་དཔང་རྟགས་ལེན་ཤུགས་ཆེ་རུ་གཏོང་བ་དང་པར་ལེན་འཕྲུལ་ཆས་དང་པར་ཆས་སོགས་ཡོ་ཆས་སྤྱོད་པའི་ཕན་ནུས་ཆེ་རུ་བཏང་ནས་གཏན་འཇགས་པར་ཆས་ཀྱིས་པར་ལེན་པའམ་ཡང་ན་སྒུལ་བདེའི་ལག་ཁྱེར་པར་ཆས་ཀྱིས་པར་ལེན་པའི་བྱེད་ཐབས་སྤྱད་དེ་ཁ་ལོ་བ་དང་འགྲུལ་པས་གཏན་འབེབས་ལྟར་ཉེན་ཐག་མ་བཏགས་པའི་ཁྲིམས་འགལ་བྱེད་སྤྱོད་དཔང་རྟགས་ཡོད་པའི་ཐོག་ནས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་ཅེས་བརྗོད་པ་རེད།

    f0306.jpg

    འདི་ནི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་ཐོག་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བས་ཉེན་ཐག་བཏགས་ཡོད་མེད་ཞིབ་བཤེར་བྱེད་བཞིན་པ།

    སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྲུང་དང་ཤེས་དཔལ་ལྡན་པའི་ངང་ཕྱིར་སྐྱོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་པ། 

    “ཉེན་ཐག་དང་ཚེ་སྲོག་སྲུང་ཐག”གི་བརྗོད་དོན་གཙོ་བོའི་ཁྲིམས་འཛིན་སློབ་གསོའི་བྱེད་སྒོར་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རིག་གནས་སྟོབས་ཆེའི་གྲོང་ཁྱེར་བསྐྲུན་པའི་ནང་བཅུག་སྟེ་དུས་རབས་གསར་པའི་རླངས་འཁོར་གྱི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་རླངས་འཁོར་གྱི་སྤྱི་ཚོགས་བདེ་འཇགས་དང་ཤེས་དཔལ་གྱི་གཞི་རྩ་ཟབ་གཏོད་བྱ་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཁོངས་གཏོགས་ཀྱིས་2018ལོའི་ལྗོངས་ཡོངས་ཀྱི་སྤྱི་བདེའི་ཁྲུའུ་ཀྲང་དང་ཅུས་ཀྲང་དང་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཀྱི་སྤྱི་བདེའི་ཅུས་ཀྲང་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་དང་ལྗོངས་སྤྱི་བདེ་ཐིང་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོའི་འགྲིམ་འགྲུལ་སྒྲིག་སྲོལ་གྱི་འདུ་ཤེས་དང་བདེ་འཇགས་དང་ཤེས་དཔལ་ལྡན་པའི་ངང་ཕྱིར་སྐྱོད་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་གྱིས་རྐྱེན་པས་མི་སྣ་ཤི་རྨས་སོགས་ཀྱི་ལས་འཛོལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་གཏོང་བའི་བྱེད་ཐབས་ཤིག་རེད”ཅེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་བྱམས་པ་བཀྲ་ཤིས་ཀྱིས་བཤད།

    “ཉེན་ཐགདང་ཚེ་སྲོག་སྲུང་ཐག”གི་བརྗོད་དོན་གཙོ་བོའི་ཁྲིམས་འཛིན་སློབ་གསོའི་བྱེད་སྒོར་སྐུལ་འདེད་གཏོང་བའི་ཁྲོད་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ནང་ཁུལ་དོ་དམ་དང་རྒྱུན་གཏན་གྱི་ལྟ་ཞིབ་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཚོར་མིག་དཔེ་སྟོན་པ་དང་སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕུགས་ཕན་བཅོས་སྐྱོང་བྱས་ནས་ལས་ཀ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱ་རྒྱུ་རེད།

    ལོ་མཇུག་ཏུ་ལྷ་ས་གྲོང་ཁུལ་གྱི་འགྲོ་ལམ་ཐོག་ཚད་ལྡན་ངང་ཉེན་ཐག་འདོགས་ཚད་95%ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ། 

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་གཞོན་པ་ཆུང་བདག་གིས་ཟླ་3ཚེས་20ཉིན་གྱི་རྗེས་སུ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་འགྲུལ་སྐྱེལ་རླངས་འཁོར་དང་། ཡུལ་སྐོར་བོགས་གཏོང་རླངས་འཁོར། སྒེར་འཁོར། ཁེ་ལས་དང་བྱ་གཞག་ཚན་པའི་རླངས་འཁོར། སློབ་འཁོར་སོགས་ཀྱི་ཁ་ལོ་བ་དང་འགྲུལ་པས་ཉེན་ཐག་བཏགས་ཡོད་མེད་ཞིབ་བཤེར་ནན་པོ་བྱས་ཏེ་གཏན་འབེབས་ལྟར་ཉེན་ཐག་མ་བཏགས་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་རེད། གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་འདི་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁུལ་གྱི་འགྲོ་ལམ་ཐོག་ཚད་ལྡན་ངང་ཉེན་ཐག་འདོགས་ཚད་95%ཟིན་པ་དང་། རྒྱལ་ལམ་ཐོག་90%ཡན་ཟིན་པ། རྫོང་དང་ཤང་གི་འགྲོ་ལམ་ཐོག་85%ཡན་ཟིན་པ་བཅས་ཐུབ་པ་བྱས་ཏེ་ཉེན་ཐག་མ་བཏགས་པའི་རྐྱེན་གྱིས་མི་སྣ་ཤི་རྨས་བྱུང་བའི་འགྲིམ་འགྲུལ་ལས་འཛོལ་ཐོན་ཉུང་དུ་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།