[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དངོས་གྲུབ་མ་རག་རྫོག་མགོ་ཤོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཉིན་ཤས་གོང་། གྲོང་མི་ཡོན་ལགས་ཀྱིས་བརྗོད་དོན་འདི་ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་དམག་དམངས་ལམ་གྱི་ཉེ་འགྲམ་དུ་ཚོང་ཁང་ཞིག་གླས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་ནི་གཡོ་ཇུས་ཤིག་རེད་འདུག ཁང་པ་གླ་མ་ཐུབ་པ་མ་ཟད། ད་དུང་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་བྱུང་ཞེས་བཤད། “གནས་ཚུལ་དེའི་སྐོར་གླེང་སྐབས་ཁོང་ཁྲོ་ལངས་ཀྱི་འདུག ཟླ་5ཚེས་7ཉིན་བཤུག་གླ་སྒོར་15000སྤྲད་ནས་ལོ་གསུམ་ཁང་གླ་ལེན་རྒྱུའི་ཁ་ཆད་བྱས་པ་ཡིན། འོན་ཀྱང་ཁང་བདག་གིས་ཟླ་5ཚེས་10ཉིན་ཁང་པ་བསྡུ་བར་ཡོང་སྐབས་གཞི་ནས་རང་ཉིད་མགོ་སྐོར་ཐེབས་པ་ཤེས་བྱུང་། ད་ཆ་ཁང་གླ་གཏོང་མཁན་གྱིས་ཁ་པར་མི་ལེན་པ་དང་སྐད་འཕྲིན་ནས་ཀྱང་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག ད་ལྟ་གང་འདྲ་བྱེད་དགོས་མིན་མི་ཤེས”ཅེས་སྐུ་ཞབས་ཡོན་གྱིས་དངངས་ཚབ་ཆེན་པོས་བཤད།

    སྐུ་ཞབས་ཡོན་ལགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོའི་ཟླ་5པའི་ཟླ་འགོར་ཁོང་གིས་ཁྱུག་དབྱིངས་ནས་ཧྲེ་ཆེ་གེ་མོས་བཏང་བའི་བོགས་གཏོང་བརྙན་ལམ་མཐོང་བ་དང་། བོགས་གཏོང་ཚོང་ཁང་གི་ཆེ་ཆུང་དང་གནས་ཡུལ་ཚང་མ་ཧ་ཅང་འཚམ་པོ་ཡོད་པས། དྲ་ཐོག་ནས་ཚོང་ཁང་དེ་གླ་རྒྱུའི་ཁ་ཆད་བྱས་པ་རེད། “སྐབས་དེ་དུས་ཁང་པ་དེ་སེན་མོ་མཛེས་བཟོ་བྱེད་ས་ཞིག་ཡིན་པ་དང་སྤྱིར་ན་ངའི་རེ་བ་དང་མཐུན་སོང་བས་ཚོང་ཁང་གླ་རྒྱུའི་ཁ་ཆད་བྱས་པ་ཡིན། ཁོ་མོས་ང་ལ་ཁང་པ་བོགས་མར་གཏོང་ལེན་གྱི་གན་རྒྱ་འདི་ལོ་གསུམ་རྗེས་གཞི་ནས་དུས་ཚོད་ཐིམ་གྱི་ཡོད་པས། ད་ལྟ་ང་ལ་ནང་བཤུག་བཏང་ནས་བཤུག་གླ་སྤྲད་ན་འགྲིག་པ་འདུག་ཅེས་བཤད་བྱུང་བས། ངས་བསམ་བློ་ཞིབ་པར་བཏང་རྗེས་ཧྲེ་ཆེ་གེ་མོ་དང་ཚོང་ཁང་གླས་པའི་གན་རྒྱ་སྟབས་བདེ་ཞིག་བཞག་སྟེ་ཟླ་5ཚེས་7ཉིན་བཤུག་གླ་སྒོར་15000སྤྲད་པ་ཡིན”

    སྐུ་ཞབས་ཡོན་ལགས་ཀྱི་བསམ་པར་ཚོང་ཁང་གླས་རྗེས་མཛེས་བཟོ་བྱེད་དགོས་བསམ་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཉིན་གསུམ་སོང་རྗེས་ཁང་བདག་གིས་ཚོང་ཁང་རྩིས་ལེན་པར་ཡོང་བས་གཞི་ནས་རང་ཉིད་མགོ་སྐོར་ཐེབས་པ་ཤེས། “ཁང་བདག་གིས་ང་ལ་ཚོང་ཁང་དེ་ཟླ་5ཚེས་1ཉིན་གན་རྒྱ་གཙང་གི་ཡོད་པས་ལམ་སེང་སྤོ་རོགས་ཟེར་གྱི་འདུག སྐབས་དེ་དུས་ངས་འཕྲལ་མར་ཧྲེ་གེ་མོར་འབྲེལ་བ་བྱས་པ་ཡིན། ཐོག་མར་ཁོ་མོས་འཕྲིན་ལན་སློག་གི་འདུག ཕྱིས་སུ་རྩ་བ་ནས་འབྲེལ་བ་བྱེད་ཐབས་བྲལ་བ་དང་ཁྱུག་དབྱིངས་ཐོག་གི་ཆ་འཕྲིན་དེའང་མཐོང་རྒྱུ་མི་འདུག ངས་ཁང་བདག་ལ་རང་ཉིད་ལ་ཁང་པ་གཞན་དག་རྙེད་རྗེས་ལམ་སེང་སྤོས་ཆོག་ཅེས་བཤད་པས་ཁང་བདག་གིས་ཁས་ལེན་ཙམ་བྱུང་། ད་ཆ་ཁོ་མོས་ངའི་བཤུག་གླ་མགྱོགས་མྱུར་སློག་རྒྱུ་དང་ལས་ཀ་འཐུས་ཤོར་ཕྱིན་པ་དང་ཁང་པ་མཛེས་བཟོའི་དངུལ་སློག་རྒྱུའི་རེ་བ་ཡོད”ཅེས་སྐུ་ཞབས་ཡོན་ལགས་ཀྱིས་བཤད།

    གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། གསར་འགོད་པས་སྐུ་ཞབས་ཡོན་ལགས་ཀྱིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་གཞིགས་ནས། ཧྲི་ཆེ་གེ་མོར་ཁ་པར་བརྒྱབ་ཀྱང་ལེན་མཁན་མེད་པ་ཤེས་རྗེས་གསར་འགོད་པས་ཁང་བདག་སྐུ་ཞབས་ཟླ་བ་དང་འབྲེལ་བ་བྱས། ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ཤས་གོང་ཁོང་གིས་ཁང་པ་ཇུས་འགོད་ཀུང་སི་ཞིག་ལ་བོགས་མར་བཏང་བ་དང་ཕྱོགས་གཉིས་པོས་བོགས་གཏོང་གན་རྒྱར་མིང་རྟགས་བཀོད་ཅིང་། དེ་རྗེས་ཀྱི་དུས་ཚིགས་ཚང་མར་ཇུས་འགོད་ཀུང་སི་དེས་ཁང་གླ་སྤྲོད་རྒྱུ་བྱས་པ་རེད། “བོགས་གཏོང་གན་རྒྱ་ཟླ་5པའི་ཟླ་འགོར་ཐིམ་གྱི་ཡོད་ཀྱང་། ངས་ཁང་པ་ལེན་སྐབས་གཞི་ནས་ཁང་པ་སླར་ཡང་མི་གཞན་ལ་བོགས་མར་བཏང་བ་ཤེས་བྱུང་། འོན་ཀྱང་ཁང་པ་འདིར་མུ་མཐུད་གན་རྒྱ་བཞག་མེད་པས་ངེས་པར་དུ་ཚུར་ལེན་དགོས”ཞེས་ཟླ་བས“སྐུ་ཞབས་ཡོན་ལགས་མགོ་སྐོར་ཐེབས་པ་ཤེས་རྗེས་ཧྲི་ཆེ་གེ་མོ་དང་འབྲེལ་བ་གཏན་ནས་བྱེད་མ་ཐུབ་པས་ཐབས་ཤེས་གང་ཡང་མི་འདུག་ཟེར་གྱི་འདུག དེར་བརྟེན་ངས་སྐུ་ཞབས་ཡོན་ལགས་ལ་ཉིན་ཤས་ཀྱི་དུས་ཚོད་སྤྲད་དེ་ཁོང་ལ་ཁང་པ་གསར་པ་མ་རག་བར་གཡར་རྒྱུ་བྱས་པ་ཡིན”

    དེ་རྗེས་གསར་འགོད་པས་ཟླ་བས་བཤད་པའི་ཇུས་འགོད་ཀུང་སིའི་ལས་དོན་མི་སྣ་སྐུ་ཞབས་ཙེང་ལགས་ལ་ཁ་པར་བརྒྱབ། ཁོང་གིས་གསར་འགོད་པར་ཁང་པ་དེ་གཡར་ནས་ལོ་10ཙམ་ཕྱིན་སོང་། སྔར་ནས་བཟུང་དུས་ཐོག་ཏུ་ཁང་གླ་སྤྲོད་པ་མ་ཟད་ཁང་བདག་གིས་ཁས་ལེན་ཐོབ་རྗེས་ཁང་པའི་ཁྲོམ་གཞུང་ངོས་ཀྱི་ཁང་མིག་གཉིས་ཚོང་རྒྱག་མཁན་ཕ་བུ་གཉིས་ལ་གཡར་བ་དང་། ཁང་མིག་གཅིག་ཕ་དེས་ཉམས་བཟོ་ཁང་བཙུགས་པ་དང་། གཅིག་ཤོས་དེར་ཁོང་གི་བུ་དང་དགའ་རོགས་ཀྱིས་སེན་མོ་མཛེས་བཟོ་ཁང་བཙུགས་ཡོད། “ང་ཚོས་ཀྱང་ཉེ་དུས་གཞི་ནས་ཁོང་གི་བུ་དང་དགའ་རོགས་གཉིས་ཁ་བྲལ་རྗེས་དགའ་རོགས་ཀྱིས་ཁང་པ་ཧྲི་ཆེ་གེ་མོར་བོགས་མར་བཏང་བ་ཤེས་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཧྲི་ཆེ་གེ་མོས་ཁང་པ་གླས་ནས་ཟླ་ཁ་ཤས་ལས་མ་སོང་བར་སླར་ཡང་ཁང་པ་སྐུ་ཞབས་ཡོན་ལགས་ལ་བོགས་མར་བཏང་བ་མ་ཟད་ཁོང་གི་ས་ནས་ནང་བཤུག་དངུལ་སྒོར་15000གཡོ་ལེན་བྱས་འདུག”ཅེས་བཤད།

    ཁང་པ་འདིའི་རྙོག་འཛིང་ཆེ་བའི་བོགས་གཏོང་གི་གནས་ཚུལ་ལ་དམིགས་ནས། གསར་འགོད་པས་བོད་ལྗོངས་ཧྥང་ནུའོ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་བདེ་སྐྱིད་ལ་བློ་འདྲི་བྱས་པ་ཡིན། ཁོང་གིས་སྐུ་ཞབས་ཡོན་ལགས་ཀྱིས་ལམ་སེང་ཉེན་རྟོག་པར་ཉེན་བརྡའི་ཁ་པར་རྒྱག་དགོས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ནང་བཤུག་གཏོང་མཁན་དང་འབྲེལ་བ་བྱེད་དགོས། གལ་ཏེ་ཕར་ཕྱོགས་ཀྱི་བྱེད་སྤྱོད་ཉེས་གསོག་གྲུབ་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པའི་གཏན་འབེབས་ལྟར། གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱས་ནས་དངུལ་འབོར་ཆེ་ཙམ་ཡིན་རིགས་ལ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཙན་ཉར་ལས་སྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ། ཉེས་ཆད་ཆབས་སྦྲགས་སུ་གཅོད་པའམ་ཡང་ན་དངུལ་ཆད་ཁེར་རྐྱང་དུ་གཏོང་རྒྱུ་དང་། དངུལ་འབོར་ཧ་ཅང་ཆེ་བའམ་ཡང་ན་གནས་ཚུལ་གཞན་དག་ཚབས་ཆེ་རིགས་ལ་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་དང་ཉེས་ཆད་ཆབས་སྦྲགས་སུ་གཅོད་པའམ་ཡང་ན་དངུལ་ཆད་ཁེར་རྐྱང་དུ་གཏོང་རྒྱུ། གལ་ཏེ་ཕར་ཕྱོགས་ཀྱི་བྱེད་སྤྱོད་ཉེས་དོན་གྱི་གྱོད་ཐོ་འགོད་པའི་ཆ་རྐྱེན་མ་འཛོམས་ཚེ། ཁོངས་གཏོགས་ཁྲིམས་ཁང་དུ་བསྐྱོད་ནས་དམངས་དོན་གཏུག་བཤེར་བྱས་ནས་ཁེ་དབང་སྲུང་སྐྱོང་བྱེད་ཆོག་པའི་གྲོས་འགོ་བཏོན་དགོས།

    གཞན་ཡང་བདེ་སྐྱིད་ཀྱིས་ད་དུང་གལ་སྲིད་ཁང་པ་དེ་ཁང་བདག་གི་ས་ནས་གཡར་བ་མིན་ཚེ། བོགས་གཏོང་གན་རྒྱ་མ་བཞག་གོང་སྔོན་ལ་ཁང་པ་གཞན་ལ་གཡར་ཆོག་མིན་ཁ་གསལ་བཟོ་དགོས་པ་མ་ཟད། ད་དུང་བོགས་མར་གཏོང་མཁན་གྱི་ཐོབ་ཐང་དཔང་ཡིག་དང་དེ་བཞིན་ཁང་བདག་དང་བཞག་པའི་བོགས་གཏོང་གན་རྒྱར་ཞིབ་ལྟ་བྱས་ནས་ཁང་བདག་གིས་ཁང་གླ་བཏང་བའི་ཁང་པའི་བདག་དབང་ལ་ཞིབ་དཔྱད་བྱེད་དགོས། དེ་དང་དུས་མཚུངས་ད་དུང་བོགས་གཏོང་གི་དུས་བཀག་དང་། ཁང་གླ་སྤྲོད་པའི་དུས་ཚོད། དངུལ་སྤྲོད་སྟངས་བཅས་དང་དེ་བཞིན་ཁ་ཆད་ལས་འགལ་བའི་འགན་འཁྲི་དང་ཁ་ཆད་ལས་འགལ་བའི་ཁ་གསབ་ཀྱི་ཚད་གཞི་ཁ་གསལ་བཟོ་དགོས་པ་མ་ཟད། ཁང་པ་གཡར་མཁན་ཕྱོགས་ཀྱིས་ཁང་གླའི་བྱུང་འཛིན་འབྲི་དགོས་པའི་རེ་བའང་འདོན་ཆོག་གི་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།