[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་རླངས་འཁོར་ཕྱིར་ཚོང་ཚད་ཡོད་ཀུང་སི་ཞིག་གིས་རླངས་འཁོར་གྱི་གནས་སྐབས་འཁོར་བྱང་རྫུས་མ་བཟོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    yuanhx9ac67.jpg

    བརྟག་དཔྱད་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་ཕྱིར་ཚོང་ཚད་ཡོད་ཀུང་སི་ཞིག་ཏུ་བརྟག་དཔྱད་བྱེད་བཞིན་པ།

    ཉེ་ཆར། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རླངས་འཁོར་ལ་ཞིབ་བཤེར་བྱེད་སྐབས། བྱེས་བགྲོད་རླངས་འཁོར་ཞིག་གི་གནས་སྐབས་འཁོར་བྱང་རྫུས་མ་ཡིན་པའི་དོགས་པ་བྱུང་བ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ(གཤམ་ལ“ལྷ་ས་རླངས་འཁོར་དོ་དམ་སུའོ”ཞེས་བསྡུ་རྒྱུ)ཡི་མི་དམངས་ཉེན་རྟོག་པས་ཞིབ་བསྡུར་བྱས་རྗེས། རླངས་འཁོར་གྱི་གནས་སྐབས་འཁོར་བྱང་རྫུས་མ་ཡིན་པ་ཤེས་པ་རེད། ཆུ་དེད་ནས་ཆུ་འགོ་འཚོལ་བའི་དཔེ་བཞིན། མི་དམངས་ཉེན་རྟོག་པས་མུ་མཐུད་བརྟག་དཔྱད་བྱས་པ་བརྒྱུད། གནས་སྐབས་འཁོར་བྱང་རྫུས་མ་བཟོ་སའི་རླངས་འཁོར་ཕྱིར་ཚོང་ཀུང་སི་ཞིག་རྩད་ཆོད་པ་རེད།

    གྱོད་གཞི་རྩད་གཅོད།

    ཟླ་10ཚེས་12ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནུབ་ཁུལ་བཅོས་སྒྲིག་ཚོགས་ཆུང་གིས། རླངས་འཁོར་ལ་ཞིབ་བཤེར་བྱེད་སྐབས་པའོ་ཧྲི་ཅེ་རྟགས་ཅན་གྱི་བྱེས་བགྲོད་རླངས་འཁོར་གྱི་གནས་སྐབས་འཁོར་བྱང་། ཅིང་Bབྱས་པ་དེ་རྫུས་མ་ཡིན་པའི་དོགས་པ་བྱུང་བ་རེད།

    ལྷ་ས་རླངས་འཁོར་དོ་དམ་སུའོ་ཡི་སུའོ་ཀྲང་གཞོན་པ་ཧོང་ཅིན་ལུང་གིས“སྐབས་དེར་མི་དམངས་ཉེན་རྟོག་པས་རླངས་འཁོར་གྱི་གནས་སྐབས་འཁོར་བྱང་ལ་དོགས་པ་ཆེན་པོ་སྐྱེས་པ་རེད། པེ་ཅིང་གི་འཁོར་བྱང་དུ་ཚད་བཀག་འཁོར་སྐྱོད་ཁུལ་ལྷ་ས་གྲོང་ཁུལ་བྲིས་པ་དེ་ནི་ལུགས་དང་མི་མཐུན་པ་གསལ་པོ་རེད། དེ་རྗེས་གཞུང་ལམ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ལྷ་ས་རླངས་འཁོར་དོ་དམ་སུའོ་དང་འབྲེལ་བ་བྱས་ཏེ། མུ་མཐུད་བརྟག་དཔྱད་བྱེད་རྒྱུའི་རེ་ཞུ་བཏོན་ནས་གནས་སྐབས་འཁོར་བྱང་གི་བདེན་རྫུན་དབྱེ་འབྱེད་བྱས་པ་རེད། སྤྱི་བདེའི་ལས་སྟེགས་ནས་གནས་སྐབས་འཁོར་བྱང་གི་ཨང་གྲངས་འཚོལ་ཞིབ་བྱེད་སྐབས། རླངས་འཁོར་གྱི་ཨང་གྲངས་དེ་མེད་པ་ཤེས་རྗེས། འཁོར་བྱང་སྤྱིའི་ཆ་ནས་རྫུས་མ་ཡིན་པ་གཏན་འཁེལ་བྱས་ཆོག”ཅེས་ངོ་སྤྲོད་བྱས།

    གནས་ཚུལ་ཤེསརྟོགས་བྱུང་རྗེས་ལྷ་ས་གྲོང་ཁྱེར་རླངས་འཁོར་དོ་དམ་སུའོ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་དུ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་ཞིབ་བསྡུར་གྱི་ལས་དོན་སྤེལ་བ་རེད། གྲལ་བཤེར་ཞིབ་ཚགས་བྱས་པ་བརྒྱུད། བརྟག་དཔྱད་ཚོགས་ཆུང་གིས་ཤེས་རྟོགས་བྱུང་བར། གྲོགས་པོའི་ངོ་སྤྲོད་འོག རླངས་འཁོར་གྱི་དོ་བདག་གིས་སྒོར་600སྤྲད་དེ་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་ཕྱིར་འཚོང་ཚད་ཡོད་ཀུང་སི་ཞིག་ནས་གནས་སྐབས་འཁོར་བྱང་ཉོས་པ་རེད། དེ་རྗེས་བརྟག་དཔྱད་ཚོགས་ཆུང་ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་ཕྱིར་ཚོང་ཚད་ཡོད་ཀུང་སིའི་4Sཚོང་ཁང་དུ་བརྟག་དཔྱད་བྱེད་པར་སྐྱོད་སྐབས། ཀུང་སིའི་ལས་སྒྲུབ་གློག་ཀླད་ནང་གནས་སྐབས་འཁོར་བྱང་རྫུས་མ་བཟོ་བའི་མ་དཔེ་དང་པར་སློག་བརྒྱབ་ཤུལ་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    ཧོང་ཅིན་ལུང་གིས“གནས་སྐབས་འཁོར་བྱང་གི་བཟོ་དབྱིབས་ནི་སྤྱི་བདེ་སྡེ་ཚན་གྱི་མ་ལག་ནས་བཟོས་པ་ཞིག་རེད། འོན་ཀྱང་ཀུང་སི་དེའི་གློག་ཀླད་ནང་གི་མ་དཔེ་ནི་བཟོ་བཅོས་འདྲ་བཟོ་བྱས་པ་ཞིག་རེད་ལ། ཁོང་ཚོའི་གློག་ཀླད་ལ་དྲ་བ་མེད་པས་སྤྱི་བདེ་སྡེ་ཚན་གྱི་དྲ་བའི་མ་ལག་ནས། གནས་སྐབས་འཁོར་བྱང་པར་སློག་རྒྱག་ཐབས་བྲལ་ཡོད། དེས་ན་འཁོར་བྱང་དེ་ཁོང་ཚོས་རྫུས་མ་བཟོས་པ་ཞིག་ཡིན་པ་གཏན་འཁེལ་རེད། ང་ཚོས་རླངས་འཁོར་ཕྱིར་འཚོང་གི་རྩིས་ཐོ་བཤེར་སྐབས། བེད་སྤྱོད་བྱས་ཟིན་པའི་གནས་སྐབས་འཁོར་བྱང་གཉིས་ཤེས་རྟོགས་བྱུང་བ་དང་། འཁོར་བྱང་དེ་གཉིས་ཀ་པེ་ཅིང་གི་ཡིན་པ་མ་ཟད། ངོས་འཛིན་བྱས་པ་བརྒྱུད་རྫུས་མ་ཡིན་པ་ཤེས་རྟོགས་བྱུང”ཞེས་བརྗོད།

    གྱོད་གཞི་ཐག་གཅོད་དང་ཤ་ཚའི་དྲན་སྐུལ།

    བརྟག་དཔྱད་ཚོགས་ཆུང་གིས་ཀུང་སིའི་ཁོངས་གཏོགས་དཔལ་འབྱོར་གསར་སྤེལ་ཁུལ་སྤྱི་བདེ་ཅུས་ལ་འབྲེལ་གཏུག་བྱས་ཏེ་བརྟག་དཔྱད་ནང་མཉམ་དུ་ཞུགས་པ་དང་འབྲེལ་གྱོད་གཞི་རྩིས་སྤྲོད་བྱས་པ་རེད། ཀུང་སིའི་འགན་འཁུར་བ་ཚའོ་ཆེ་གེ་མོས་འཁོར་བྱང་རྫུས་མ་བཟོས་པ་དང་རིན་གོང་མཐོ་པོས་བཙོངས་པའི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། དཔལ་འབྱོར་གསར་སྤེལ་ཁུལ་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་52ཀྱི་ནང་གསེས་1པོའི་གཏན་འབེབས་གཞིར་བཟུང་། ཚའོ་ཆེ་གེ་མོར་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན་10དང་དངུལ་ཆད་སྒོར་900བཏང་བ་རེད།

    གཞན་ཡང་། གསར་འགོད་པར་ཤེས་རྟོགས་བྱུང་བར། མང་ཚོགས“ཉེ་འགྲམ་གྱི་རླངས་འཁོར་དོ་དམ་སུའོ”ཧུར་ཐག་བཏོད་དེ་མང་ཚོགས་ལ་ཐག་ཉེ་ས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐེམ་ཐོ་བཟོ་བའི་ལས་སྒོའི་དམངས་ཕན་ཞབས་ཞུའི་ས་ཚིགས་མཁོ་འདོན་བྱ་ཆེད། མིག་སྔར། ལྷ་ས་གྲོང་ཁྱེར་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ཞབས་ཞུའི་ས་ཚིགས་6(ཧྥུའུ་རུའེ་དང་། རུང་ཤིན། དབན་རུང་། ལྷ་ས་ཧྥེང་ཐེན། ཁང་ཏཱ། ཅེ་ལུང) གིས་མང་ཚོགས་ལ། རང་རྒྱལ་ནས་ཐོན་པའི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས(རང་རྒྱལ་ནས་ཐོན་པའི་འཁོར་གཉིས་སྦག་སྦག)ཀྱི་ཐོ་འགོད་དང་། གནས་སྐབས་འཁོར་བྱང་གི་པར་སློག་གི་ལས་སྒོ་སྒྲུབ་བཞིན་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་མེད་པ་ནས་ཚད་བརྒལ་མངོན་འགྱུར་བྱུང་སྟེ། མང་ཚོགས་ཀྱིས་སྐར་མ་30ཡི་ནང་ཐོ་འགོད་ཞབས་ཞུའི་ས་ཚིགས་སུ་རླངས་འཁོར་གྱི་ཐེམ་ཐོ་བཟོ་བའི་ལས་སྒོ་སྒྲུབ་ཆོག་པས་སྟབས་བདེ་བ་དང་དུས་ཚོད་གྲོན་ཆུང་ཐུབ་པས། མང་ཚོགས་ཐེངས་མང་པོ་འགྲོ་མི་དགོས་པ། ཐག་ཉེ་ས་ནས་འབྲེལ་ཡོད་ལས་སྒོ་སྒྲུབ་ཐུབ་པའི་ཁས་ལེན་མངོན་འགྱུར་བྱུང་བ་རེད།

    ལྷ་ས་རླངས་འཁོར་དོ་དམ་སུའོ་ཡིས་འཁོར་བདག་ཚོར་དྲན་སྐུལ་ཞུས་པར། འཕྲུལ་སྒུལ་འཁོར་རིགས་ཀྱི་གནས་སྐབས་འཁོར་བྱང་རྫུས་མ་བཟོས་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་རྒྱུ་མ་ཟད། བེད་སྤྱོད་དེ་ནི་བདེ་འཇགས་དང་གོ་རིམ་ལྡན་པའི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་ལ་གཏོར་བཤིག་བཏང་བ་ཞིག་ཀྱང་ཡིན་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད། གནས་སྐབས་འཁོར་བྱང་ནི་ས་གནས་དེ་གའི་རླངས་འཁོར་དོ་དམ་སུའོ་དང་སྤྱི་བདེ་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའི་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་སམ་ཡང་ན་ཚབ་གཉེར་སྒྲིག་གཞིས་སྤྲོད་ཆོག་པ་དང་། གནས་སྐབས་འཁོར་བྱང་དེ་ཁོངས་གཏོགས་ས་ཁུལ་ཁོ་ནར་སྤྲོད་ཆོག་པ་སྟེ་དཔེར་ན། ལྷ་ས་རླངས་འཁོར་དོ་དམ་སུའོ་དང་ལྷ་ས་འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་ཞབས་ཞུའི་ས་ཚིགས་ཀྱིས་གནས་སྐབས་འཁོར་བྱང་བོད་Aཁོ་ན་ལས་སྤྲོད་ཆོག་གི་མེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།