[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ​ བསོད་ནམས་བཀྲ་ཤིས་ཀྱིས།

    ​ ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅངས། དཀའ་སྤྱད་ལས་ལ་བརྩོན་ནས་འགན་འཁྲི་བསྒྲུབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-29

    བསོད་ནམས་བཀྲ་ཤིས་ཆུང་དུས་ཀྱི་ཕུགས་འདུན་ནི་ཉེན་རྟོག་པ་ཞིག་བྱ་རྒྱུ་དེ་རེད། རང་ཉིད་ཀྱི་ཕུགས་འདུན་བསྒྲུབས་ནས་ཉེན་རྟོག་པ་ཞིག་ཆགས་སྐབས་ཁོང་གིས་རང་ཉིད་ཀྱི་ལང་ཚོ་དང་སྤྲོ་སེམས་ཚང་མ་གཅེས་པའི་བྱ་གཞག་ལ་ཕུལ་བ་རེད། ཉེན་རྟོག་པ་བྱས་ནས་ལོ་10ལྷག་ཙམ་སོང་རིང་། བསོད་ནམས་བཀྲ་ཤིས་ཀྱིས་ལས་དོན་ཧུར་ཐག་བསྒྲུབས་ཏེ། རང་ཉིད་ཀྱི་བརྩེ་སེམས་ལ་བརྟེན་ནས་གནས་དེའི་མི་དམངས་མང་ཚོགས་ཡིད་སེམས་མགུ་བར་བྱེད་ཀྱི་ཡོད། བསྒྲུབས་པའི་དོན་ཆུང་རེ་རེ་ལས་ཁོང་གི་དད་སེམས་མངོན་པ་དང་ལས་དོན་ཞིབ་ཚགས་བསྒྲུབས་པའི་ཁོང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས“སྤྱི་དོན་ཆེད་ཉེན་རྟོག་པ་བྱེད་པ་དང་དམངས་ཆེད་ཁྲིམས་ལག་བསྟར་བྱེད་པའི”མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད།

    A དཀའ་གནད་རེ་རེ་ཐག་གཅོད་བྱེད་པ་ལས་སུའོ་ཀྲང་དེའི་འཇོན་ཐང་མངོན།

    འདམ་གཞུང་རྫོང་དབུ་མ་ཐང་ཤང་ལ་འདམ་གཞུང་རྫོང་གི“ཤར་སྒོ”ཆེ་མོ་ཞེས་བརྗོད་ཅིང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4548ཡོད་ལ། ཡུལ་ལྗོངས་ལྟ་ན་སྡུག་པ་དང་། གཏེར་ཁ་ཕུན་སུམ་ཚོགས་པ། དབྱར་རྩྭ་དགུན་འབུ་དང་སྙི་བ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་འབེལ་པོ་ཡོད།

    2014ལོའི་ཟླ་དང་པོར། བསོད་ནམས་བཀྲ་ཤིས་དབུ་མ་ཐང་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་བྱས་ནས་ལས་ཀའི་གཙོ་འགན་འཁུར། སྐྱེ་དངོས་ཕུན་སུམ་ཚོགས་པའི་གནས་དེར་ཕྱི་ཕྱོགས་ཀྱི་མི་མང་པོ་ཞིག་གི་ཡིད་དབང་བཀུག་པ་མ་ཟད། ལས་གྲྭའི་རྣམ་གྲངས་ཆེ་གྲས་ཀྱང་བསྐྲུན་འགོ་ཚུགས་པས། མི་དམངས་ཉེན་རྟོག་པ་ཚང་མར་ལོ་ཧྲིལ་པོ་ངལ་གསོ་བའི་ཁོམ་པ་མེད།

    ཐོག་མར་མངགས་གཏོང་ཁང་དུ་འབྱོར་སྐབས། དཀའ་གནད་མང་པོ་འཕྲད་ཀྱང་། ཁོང་གིས་རེ་རེ་བཞིན་ཐག་གཅོད་བྱས་ཤིང་། མངགས་གཏོང་ཁང་གི་མངའ་ཁོངས་རྒྱ་ཆེ་བ་དང་མི་འབོར་ཁ་ཐོར་ཡིན་པས་གང་འདྲ་བྱས་ཏེ་དོ་དམ་བྱེད་དགོས་སམ། བསོད་ནམས་བཀྲ་ཤིས་ཀྱིས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བདུན་སྣེ་ཁྲིད་དེ་གྲོང་ཚོ་འགན་གཙང་བླངས་པ་རེད། ལོ་ལྟར་གྱི་ཟླ་ལྔ་པ་ནི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་དང་ཏག་ཏག་འཁེལ་བས། དབྱར་རྩྭ་དགུན་འབུ་འཐུ་མཁན་འབྲོག་པ་ཁ་ཐོར་ཡིན་པ་དང་བདེ་འཇགས་ཀྱི་གནས་ཚུལ་ཐོན་ཆེ་བས། གང་འདྲ་བྱེད་དགོས་སམ། བསོད་ནམས་བཀྲ་ཤིས་དང་ཉེན་རྟོག་པ་ཚོས་གུར་འཁུར་ནས་རི་སྟེང་དུ་བསྐྱོད་དེ་འབྲོག་པ་ཚོ་དང་མཉམ་ཟ་མཉམ་སྡོད་བྱས། ཁོངས་གཏོགས་ཁུལ་དུ་གཏེར་རི་དང་ལས་གྲྭའི་རྣམ་གྲངས་ཆེ་གྲས་མང་བས། གང་འདྲ་བྱས་ཏེ་བདེ་འཇགས་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས་སམ། ཐབས་ཤེས་གཅིག་རང་ཡོད་པ་ནི་ཁྱིམ་ཚང་རེ་རེ་བྱས་ནས་སྐད་ཆ་འདྲི་བ་དང་ཞིབ་བཤེར་བྱ་རྒྱུ་དེ་རེད།

    དེ་ལྟར་བསོད་ནམས་བཀྲ་ཤིས་ཀྱིས་མངགས་གཏོང་ཁང་གི་ཉེན་རྟོག་པ་ཁྲིད་དེ་དངོས་འཐབ་ལས་ལ་བརྩོན། བསོད་ནམས་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་དཔུང་ཁག་དེས་ལོ་གསུམ་གྱི་ལོ་འཁོར་དཔྱད་ཞིབ་ནང་བསྟུད་མར་ཨང་དང་པོ་བླངས་ཤིང་། བསོད་ནམས་བཀྲ་ཤིས་ཀྱིས“མངགས་གཏོང་ཁང་ལ་ཐོབ་པའི་གྲུབ་འབྲས་དེ་ང་གཅིག་པུའི་བྱས་རྗེས་མིན་པར། ཚང་མས་མཉམ་དུ་དཀའ་ལས་བརྒྱབ་པའི་འབྲས་བུ་རེད”ཅེས་བཤད།

    B ནད་གཞི་ཕོག་ཀྱང་ལས་གནས་བརྟན་པོར་སྲུང་།

    འདམ་གཞུང་རྫོང་གི་ས་བབ་མཐོ་ཤོས་ཀྱི་ཤང་གཉིས་ནི་གནམ་མཚོ་ཤང་དང་དབུ་མ་ཐང་ཤང་རེད། འོན་ཀྱང་བསོད་ནམས་བཀྲ་ཤིས་ཤང་དེ་གཉིས་ལ་ལས་ཀ་བྱེད་མྱོང་ཡོད། དེ་ལྟ་བུའི་ཁོར་ཡུག་དང་བྲེལ་བརྩོན་ཆེ་བའི་ལས་ཀའི་ནང་ཁྲག་ཤེད་མཐོ་བ་དང་ཁྲག་ནད་སྨུག་པོ་སོགས་ཀྱི་ནད་ཕོག་ཡོད། 2016ལོའི་ཟླ་ལྔ་པར། འདམ་གཞུང་རྫོང་དུ“དབྱར་རྩྭ་དགུན་འབུ”འཐུ་ཡུན་ཉིན་50ཙམ་ཡོད་པའི་དུས་ལ་སླེབས། འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་དང་དབུ་མ་ཐང་ཤང་གི“དབྱར་རྩྭ་དགུན་འབུ”འཐུ་བའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་རྒྱུ་འགན་ལེན་བྱ་ཆེད། བསོད་ནམས་བཀྲ་ཤིས་དང་ཉེན་རྟོག་པ་གཞན་རི་སྟེང་དུ་བསྡད་དེ་ཆུ་ཚོད་ཉེར་བཞི་བར་མཚམས་མེད་པར་སྐོར་གཡེང་དང་ཞིབ་བཤེར་བྱས། ཐེངས་ཤིག་སྐོར་གཡེང་བྱེད་སྐབས་བསོད་ནམས་བཀྲ་ཤིས་ངལ་དུབ་ཆེ་བའི་རྐྱེན་གྱིས་དྲན་པ་ཐོར་ནས་འགྱེལ། ལས་རོགས་ཚོས་ཁོང་འདམ་གཞུང་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་བ་དང་སྨན་པས་བརྟག་དཔྱད་བྱེད་སྐབས་ཁོང་གི་ཁྲག་ཤེད་བརྟན་པོ་མེད་པ་ཤེས། སྨན་པས་ཁོང་ལ་ལྷ་སར་བརྟག་དཔྱད་བྱེད་པར་བསྐྱོད་དགོས་ཞེས་བཤད་ཀྱང་། སྨན་པའི་ཁ་ལ་མི་ཉན་པར་ལས་གནས་ཐོག་སླར་ཡང་ལོག ཁོང་གིས“དབྱར་རྩྭ་དགུན་འབུ་འཐུ་རིང་ལས་ཀ་མང་བ་དང་ལས་འགན་ལྕི་བས་ཉེན་རྟོག་པ་གཞན་ལས་གནས་ཐོག་ཡོད་པས། ངས་རྐང་པ་འཐེན་ན་ག་ནས་འགྲིག”ཅེས་བཤད།

    ལས་གནས་ཐོག་ལོག་རྗེས། ཚང་མས་ཁོང་གིས་ངལ་གསོ་གི་རེད་བསམ་ཡང་། ཚང་མའི་བསམ་ཡུལ་ལས་འདས་པར་ཁོང་གིས་སྔར་བཞིན་སྐོར་གཡེང་ལས་འགན་བསྒྲུབས་པར་ཡོང་།

    C མང་ཚོགས་གཉེན་ཉེར་བརྩི་རྒྱུ་ཁོང་གི་རྒྱུན་གཏན་ལས་ལ་གྱུར།

    དབུ་མ་ཐང་ཤང་མངགས་གཏོང་ཁང་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་སྡོད་གནས་ཁ་ཐོར་དང་མངགས་གཏོང་ཁང་ནས་ཐག་རིང་ཤོས་ཀྱི་གྲོང་ཚོའི་བར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་4ཙམ་བསྐྱོད་དགོས་པ་མ་ཟད་ལམ་ཡང་ཡག་པོ་མེད། དེར་བརྟེན་བསོད་ནམས་བཀྲ་ཤིས་ཀྱིས་རྐང་ཐང་མར་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་ཀྱི་ཡོད་པས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་90%ཡིས་ཁོང་ངོ་ཤོས་ཀྱི་ཡོད། མང་ཚོགས་ལ་དཀའ་ངལ་ཆེ་ཆུང་གང་འཕྲད་རུང་སྔོན་ལ་བསོད་ནམས་བཀྲ་ཤིས་ལ་ཁ་པར་རྒྱག་པ་དང་། མངགས་གཏོང་ཁང་དུ་སླེབས་ན་སྔོན་ལ་བསོད་ནམས་བཀྲ་ཤིས་འཚོལ་གྱི་ཡོད། བསོད་ནམས་བཀྲ་ཤིས་ཀྱིས་ཀྱང་སེམས་རྩ་འཁོལ་པོས་མང་ཚོགས་ཀྱི་འདྲི་རྩད་དང་ལེན་བྱེད་ཅིང་། ལས་དོན་དེ་སྤོབས་པ་སྐྱེ་འོས་པའི་བྱ་བར་བརྩི་གི་ཡོད།

    2016ལོའི་ཟླ་8པར་བོད་དུ་ཆར་ཤོད་ཆེན་པོ་བྱུང་བས་དབུ་མ་ཐང་ཤང་གི་ལམ་ཆུས་འཁྱེར་བ་དང་། རྒན་རྒོན་དང་བྱིས་པ་བླུགས་པའི་རླངས་འཁོར་ཞིག་ཆུའི་དཀྱིལ་དུ་ལུས། བསོད་ནམས་བཀྲ་ཤིས་ཀྱིས་དོར་མ་ཡར་བརྫེས་ནས་ཆུའི་དཀྱིལ་དུ་ལུས་པའི་རླངས་འཁོར་ནང་ནས་རྒན་རྒོན་དང་ཕྲུ་གུ་བདེ་འཇགས་ཀྱི་གནས་སུ་བསྐྱལ་བ་རེད།

    བསོད་ནམས་བཀྲ་ཤིས་ཀྱིས་ངས་ལས་དོན་དེ་ལྟར་སྒྲུབ་དོན་ནི་ཁྱིམ་ཚང་དེ་བས་མང་པོར་བདེ་སྐྱིད་ཐོབ་ཆེད་དུ་ཡིན། ལྷ་སར་ཡོད་པའི་ཕ་མར་ལྟ་སྐྱོང་བྱེད་མི་ཐུབ་ཀྱང་མི་དེ་བས་མང་པོར་རོགས་རམ་བྱེད་ཐུབ་པས་སེམས་ལ་དགའ་ཚོར་ཆེན་པོ་འདུག་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།