[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་ལྗོངས་ཀྱི་ཁྲིམས་ཁང་གིས།

    ས་ཁོངས་བརྒལ་བའི་ཐོ་འགོད་གྱོད་གཞི་ཐོག་མ་སྒྲུབ་གཉེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    liy99720_s.jpg

    འདི་ནི་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཁྲིམས་དཔོན་གྱིས་དྲ་ཐོག་ནས་གྱོད་དོན་ཐོ་འགོད་བྱེད་པ།

    ཟླ་9ཚེས་16ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རའི་ཐོག་གཏན་འཁེལ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་མཐུན་སྦྱོར་བྱས་ནས་ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་གྱོད་གཞི་ཐོག་མ་དེ་སྒྲུབ་གཉེར་བྱས་ཡོད། འདི་ནི་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད་བྱེད་པའི་སྐར་ཁུང་བཙུགས་རྗེས་བདག་སྤྲོད་བྱས་པའི་གྱོད་གཞི་ཐོག་མ་དེ་རེད་ལ། བོད་རང་སྐྱོང་ལྗོངས་ཁྲིམས་ཁང་ཁོངས་གཏོགས་ཀྱིས་མཐུན་སྦྱོར་ཁྲིམས་ཁང་གི་མིང་ཐོག་ནས་སྒྲུབ་གཉེར་བྱས་པའི་ས་ཁོངས་བརྒལ་བའི་ཐོ་འགོད་གྱོད་གཞི་ཞིག་ཀྱང་རེད།

    ཚེས་16ཉིན་གྱི་ཕྱི་དྲོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་གྱོད་དོན་ཐོ་འགོད་ཚོམས་ཆེན་གྱི་སྐར་ཁུང་དང་པོའི་ལས་སྟེགས་སུ“ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད”ཅེས་པའི་བྱང་བུ་བཙུགས་ཡོད། ཆུ་ཚོད་15དང་སྐར་མ་43ལ་ཞུ་སྦྱོར་སྔ་མ་ལྷ་མོས་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ཞུ་གཏུག་ཞབས་ཞུ་ལྟེ་གནས་སུ་ཡོང་སྟེ། གྱོད་དོན་ཐོ་འགོད་བྱས་པའི་གྱོད་གཞི་དེ་ཞུ་གཏུག་རྒྱག་རྩིས་བྱས། ཞུ་སྦྱོར་སྔ་མ་ནི་ལྷ་སར་ཐོ་འགོད་བྱས་པའི་ཀུང་སི་ཞིག་དང་ཞུ་སྦྱོར་ཕྱི་མ་ནི་ཧྲང་ཧའེ་ཧྥུའུ་ཏུང་ཁུལ་གསར་དུ་ཐོ་འགོད་བྱས་པའི་ཀུང་སི་ཞིག་རེད། ཕྱོགས་གཉིས་པོའི་དབར་དངུལ་གཡར་གན་རྒྱའི་ཐད་རྩོད་གཞི་བྱུང་ནས་ཞུ་གཏུག་རྒྱག་དགོས་བྱུང་བ་རེད།

    “སྒུལ་བདེའི་ཁྲིམས་ཁང་ཆུང་ངུ”བརྒྱུད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཧྲང་ཧའེ་ཁྲིམས་ཁང་དབར་ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་བྱེད་པའི་ལས་སྒོ་གཉེར་བ་ཤེས་རྟོགས་བྱུང་རྗེས། ཞུ་སྦྱོར་སྔ་མ་ལྷ་མོས་གྱོད་དོན་ཐོ་འགོད་ཁྲིམས་རའི་ལས་དོན་མི་སྣའི་ཁྲིད་སྟོན་འོག “ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད”སྐར་ཁུང་དུ་ཡོང་བ་རེད། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རའི་ཁྲིམས་དཔོན་གྱིས་གྱོད་གཞིའི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་ལ་བལྟས་རྗེས། ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད་བྱ་རྒྱུའི་ལྷ་མོའི་རེ་ཞུར་མོས་མཐུན་བྱས་པ་དང་། དེ་རྗེས“ཀྲུང་གོའི་སྒུལ་བདེའི་ཁྲིམས་ཁང་ཆུང་ངུ”ཡི“ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད”ཞེས་པའི་ནང་ཞུགས་ནས། ཞུ་གཏུག་དཔྱད་གཞིའི་ཡིག་རིགས་ཧྲང་ཧའེ་གྲོང་ཁྱེར་ཧྥུའུ་ཏུང་ཁུལ་གསར་མི་དམངས་ཁྲིམས་ཁང་ལ་བསྐུར་ཏེ་ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་ཀྱི་གོམ་སྟབས་ཐོག་མ་བདེ་བླག་ངང་སྤོས་པ་རེད།

    དེ་དང་དུས་མཚུངས་ཧྥུའུ་ཏུང་ཁུལ་གསར་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རའི་འབྲེལ་ཡོད་ལས་དོན་མི་སྣས། བརྙན་ལམ་བརྒྱུད་ནས་གྱོད་དོན་ཐོ་འགོད་རེ་ཞུ་བྱས་པ་མཐོང་རྗེས་འཕྲལ་མར་ཞིབ་དཔྱད་བྱས་ནས་ཞུ་གཏུག་རྒྱག་པའི་ཆ་རྐྱེན་དང་འཚམ་པ་ཤེས་འཕྲལ། “གྱོད་དོན་ཐོ་འགོད་བྱ་རྒྱུར་མོས་མཐུན་ཡོད”ཅེས་པ་དེ་བསྣན་པ་དང་། དུས་མཚུངས་གྱོད་དོན་བདག་སྤྲོད་བརྡ་ཐོ་སོགས་འབྲེལ་ཡོད་ཞུ་གཏུག་གི་དཔྱད་གཞིའི་ཡིག་རིགས་དག་མ་ལག་བརྒྱུད་ནས་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་བསྐུར་བ་རེད།

    ཐོ་འགོད་གྱོད་དོན་དེར་ཞིབ་དཔྱད་བྱས་པའི་ངོས་འཛིན་གཅིག་མཐུན་བྱུང་བ་མ་ཟད། ཞུ་སྦྱོར་སྔ་མར་ཧྥུའུ་ཏུང་ཁུལ་གསར་མི་དམངས་ཁྲིམས་ཁང་གིས་གློག་རྡུལ་ནས་བསྐུར་བའི《གྱོད་དོན་བདག་སྤྲོད་བརྡ་ཐོའི་ཡི་གེ》འབྱོར་རྗེས། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རའི་ལས་དོན་མི་སྣས། ཧྥུའུ་ཏུང་ཁུལ་གསར་མི་དམངས་ཁྲིམས་ཁང་གིས་དྲ་ཐོག་ནས་བསྐུར་བའི་གྱོད་དོན་བདག་སྤྲོད་བསམ་འཆར་གཞིར་བཟུང་། ཞུ་སྦྱོར་སྔ་མར་འབྲེལ་ཡོད་ཁྲིམས་དོན་ཡིག་རིགས་འབྲི་རུ་བཅུག ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁྲིམས་རའི་ལས་དོན་མི་སྣས། ལྷ་མོར་འགྲོ་སོང་སྤྲོད་དགོས་པ་དང་དེ་བཞིན་ཞུ་གཏུག་དབང་ཆ་དང་འོས་འགན་སོགས་བཤད་རྗེས། ས་ཁོངས་བརྒལ་བའི་གྱོད་དོན་ཐོ་འགོད་ཀྱི་ཞིབ་ཕྲའི་ལས་དོན་ལེགས་གྲུབ་རགས་ཙམ་བྱུང་བ་དང་། སྔ་རྗེས་སུ་སྐར་མ་15ཡི་ནང་ཞུ་སྦྱོར་སྔ་མས་དེ་སྔོན་བར་ཐག་སྤྱི་ལེ་4000ལྷག་ཙམ་ཕར་འགྲོ་ཚུར་འོང་བྱས་ན་གཞི་ནས་འགྲུབ་ཐུབ་པའི་ལས་སྒོ་དེ་གཉེར་ཐུབ་པ་བྱུང་བ་རེད།

    ས་ཁོངས་བརྒལ་ནས་གྱོད་དོན་ཐོ་འགོད་བྱེད་པའི་ལས་སྒོ་གཉེར་ཚུན། མི་དམངས་མང་ཚོགས་ལ་ས་ཁོངས་ཀྱི་ཚད་བཀག་མེད་པར་ཕན་འབྲས་ཆེ་ལ་སྟབས་བདེ་བའི་ཞུ་གཏུག་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ལ་ཐག་ཉེ་ས་ནས་ཞུ་གཏུག་རྒྱག་ཐུབ་པས། ཞུ་གཏུག་རྒྱག་མཁན་མང་ཚོགས་ལ་སྟབས་བདེ་ཆེན་པོ་བྱུང་ལ། ཞུ་གཏུག་རྒྱག་པའི་དུས་ཚོད་དང་མ་གནས་གྲོན་ཆུང་ཐུབ་པ་མ་ཟད་ཞུ་གཏུག་གི་ནུས་ཕྱོད་ཀྱང་ཆེ་རུ་སོང་ཡོད།

    གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་མི་དམངས་ལ་ཁྲིམས་འཛིན་ཞབས་འདེགས་ཞུ་བའི་འདུ་ཤེས་མུ་མཐུད་འཛིན་པ་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་བྱ་རྒྱུ་ཀ་རྟེན་དུ་བྱེད་པ། ཆ་འཕྲིན་ཅན་ལ་བརྟེན་ཤུགས་མུ་མཐུད་ཆེ་རུ་གཏོང་བ། “སྒུལ་བདེའི་ཁྲིམས་ཁང་ཆུང་ངུའི”ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ས་ཁོངས་བརྒལ་བའི་ཐོ་འགོད་གྱོད་དོན་གཏུག་བཤེར་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་པ་བཅས་ཀྱི་ཐོག་ནས། མི་དམངས་མང་ཚོགས་ལ་དེ་བས་སྟབས་བདེ་དང་དེ་བས་སྤུས་ལེགས་ཀྱི་ཁྲིམས་འཛིན་ཞབས་འདེགས་ཞུ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།