[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆར་པ་འབབ་སྐབས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་བདལ་གླ་གང་བྱུང་དུ་སྤར་ཚེ་འགྲུལ་པས་ཐེར་འདོན་བྱ་ཆོག

    ཐེར་འདོན་ཁ་པར་ཨང་གྲངས་ནི་0891-6522345རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    ཉེ་དུས། ལྷ་སར་ཆར་པ་ཡང་སེ་བབས་པའི་གནམ་གཤིས་བསྟན་པས་གྲོང་མིའི་འགྲོ་སྐྱོད་ལ་སྟབས་མི་བདེ་བ་བྱུང་ཡོད། དེ་དང་དུས་མཚུངས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་འགའ་ཤས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་བདལ་གླ་སྤར་གྱི་ཡོད་པས། དེ་ནི་བདལ་གཏོང་རླངས་འཁོར་ཀུང་སིའི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་ལས་འགལ་བ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་ཀྱིས་མཉམ་དུ་བཙུགས་པའི་བདལ་གཏོང་རླངས་འཁོར་གྱི་ཐེར་འདོན་བདག་སྤྲོད་ལྟེ་གནས(གཤམ་དུ“ཐེར་འདོན་བདག་སྤྲོད་ལྟེ་གནས”ཞེས་བསྡུ་རྒྱུ)སུ་གྲོང་མིའི་ཐེར་འདོན་ཁ་པར་འབྱོར་བ་སྟེ། བདལ་གཏོང་རླངས་འཁོར་ཁག་གཅིག་གིས་ཆར་པ་འབབ་སྐབས་བདལ་གླ་གང་བྱུང་དུ་སྤར་བ་དང་བླངས་པ་སོགས་བྱེད་ཀྱི་འདུག་ཅེས་པའི་ཐེར་འདོན་འབྱོར་བ་དང་། དེ་ནི་བདལ་གཏོང་རླངས་འཁོར་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བ་རེད། དེར་བརྟེན། ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བས། ང་ཚོས་ཐེར་འདོན་བྱས་པའི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཏེ། སྒྲིག་འགལ་གྱི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་ཉེས་ཆད་ནན་པོ་གཅོད་རྒྱུ་མ་ཟད། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཚང་མར་དྲན་སྐུལ་ཡང་བྱེད་རྒྱུ་ཡིན་ཞེས་བཤད།

    ཉེ་ཆར། གྲོང་མི་བསོད་ནམས་བཀྲ་ཤིས(མིང་ཚབ)བདལ་གཏོང་རླངས་འཁོར་སྡོད་སྐབས། ཁ་ལོ་བས་ཆར་པ་ཆེན་པོ་འབབ་པ་རྒྱུ་མཚན་དུ་བྱས་ནས། བདལ་གླ་རྩི་བའི་ཆུ་ཚོད་མི་སྤོར་བར་ཐད་ཀར་སྒོར་15དགོས་ལུགས་བཤད། མ་གཞི་བསོད་ནམས་བཀྲ་ཤིས་ཀྱིས་སྒོར་10ལས་སྤྲད་མེད་ཀྱང་། ཁ་ལོ་བ་དེས་བདལ་གླ་གང་བྱུང་ལེན་པའི་བྱེད་སྟངས་དང་ལེན་བྱེད་ཐབས་བྲལ་བར་བརྟེན། ཁ་ལོ་བ་དེ་ཐེར་འདོན་བྱས་པ་རེད།

    དེར་བརྟེན། ཐེར་འདོན་བདག་སྤྲོད་ལྟེ་གནས་ཀྱིས་ཁ་ལོ་བ་ཉིན་གཅིག་རླངས་འཁོར་གཏོང་མཚམས་བཞག་པ་དང་། བདལ་གཏོང་རླངས་འཁོར་དོ་དམ་བྱེད་ཐབས་དང་ཀུང་སིའི་སྒྲིག་སྲོལ་ལམ་ལུགས་སློབ་སྦྱོང་བྱེད་དུ་བཅུག་པ། ཁས་ལེན་ཡི་གེ་འབྲི་རུ་བཅུག་པ་རེད།

    ཉེ་ཆར། ཐེར་འདོན་བདག་སྤྲོད་ལྟེ་གནས་སུ་འགྲུལ་པའི་ཐེར་འདོན་འབྱོར་པ་སྟེ། ཁ་ལོ་བ་ལིའུ་ཆེ་གེ་མོས་ཆར་པ་བབས་པ་དང་བསྟུན་ནས་བདལ་གླ་སྤར་བ་དང་། བདལ་གླ་རྩི་བའི་ཆུ་ཚོད་སྤར་མེད་པ་རེད། ཀུང་སིས་ཞིབ་དཔྱད་བྱས་པ་བརྒྱུད། ལིའུ་ཆེ་གེ་མོར་འགྲུལ་པས་བརྗོད་པའི་གནད་དོན་དེ་དག་ཡོད་པ་ཤེས། དེར་བརྟེན། ཐེར་འདོན་བདག་སྤྲོད་ལྟེ་གནས་ཀྱིས་སྒྲིག་ཁྲིམས་ལས་འགལ་བའི་ཁ་ལོ་བ་ལིའུ་ཆེ་གེ་མོ་རླངས་འཁོར་ཉིན་3གཏོང་མཚམས་བཞག་པ་མ་ཟད། ཁོ་པ་ཡ་རབས་ངང་རླངས་འཁོར་གཏོང་བའི་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ནང་ཞུགས་སུ་བཅུག་སྟེ། ཞིབ་བཤེར་མི་སྣ་དང་མཉམ་དུ་ལམ་རྒྱུད་དུ་ཞིབ་བཤེར་བྱེད་པར་ཁྲིད་པ་རེད།

    ཐེར་འདོན་བདག་སྤྲོད་ལྟེ་གནས་ཀྱི་ལས་དོན་མི་སྣས། བདལ་གཏོང་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་རིང་། ཁ་ལོ་བས་གཏན་འབེབས་གཞིར་བཟུང་བདལ་གླ་རྩི་བའི་ཆུ་ཚོད་མི་སྤོར་བའམ་ཡང་ན། ཁ་ལོ་བས་གཏན་འབེབས་གཞིར་བཟུང་འགྲུལ་པར་དེ་མཚུངས་ཀྱི་བདལ་གླའི་སྤ་སེ་མ་སྤྲད་ཚེ། འགྲུལ་པས་བདལ་གླ་སྤྲོད་རྒྱུ་ཁས་མ་བླངས་ཀྱང་འགྲིག

    གལ་སྲིད་བདལ་གཏོང་རླངས་འཁོར་བར་འགྲུལ་པ་མི་བླུགས་པ་དང་བདལ་གླ་སྒྲིག་པ་སོགས་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་ཚེ། གྲོང་མིས་ཐེར་འདོན་བདག་སྤྲོད་ལྟེ་གནས་སུ་ཐེར་འདོན་བྱེད་ཆོག ཐེར་འདོན་ཁ་པར་ཨང་གྲངས་ནི་0891-6522345རེད། ད་དུང་། “ལྷ་སའི་བདལ་རླངས་འཁོར”གྱི་སྐད་འཕྲིན་སྤྱི་སྟེགས་སུ་ཐེར་འདོན་བྱས་ནའང་འགྲིག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།