[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་ཉེན་རྟོག་ཕྱོགས་ནས་རྒྱན་འགྱེད་གྱོད་གཞི་3བསྟུད་མར་རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    p60_b (1).jpg

    ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་སྔར་བས་གཙང་སེལ་བྱེད་པ། རྒྱན་འགྱེད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་བཅོས་སྒྲིག་བཅས་བྱ་ཆེད། ཉེ་ཆར། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་རྒྱན་འགྱེད་གྱོད་གཞི་3བསྟུད་མར་རྩད་ཆོད་པ་དང་། རྒྱན་འགྱེད་དང་འབྲེལ་བའི་མི་སྣ་མང་པོ་བཟུང་ནས་རྒྱན་འགྱེད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་རེད།

    ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་6བཟུང་བ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་རུ་ཆེན་གྱིས་སྦག་ཁང་བཙུགས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་འབྲེལ་གྱོད་འབྲེལ་ཉེས་གསོག་དོགས་ཅན་6བཟུང་པ་རེད། 2018ལོའི་ཟླ་10པར་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་མྱུལ་ཞིབ་རུ་ཆེན་ལ་བཀྲ་ཤིས(འགྱུར་མིང)དང་ཉི་མ(འགྱུར་མིང)སོགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བརྒྱད་གཅིག་ལམ་དང་ཅང་སུའུ་ལམ་སོགས་ཀྱི་ཇ་ཁང་ནང་སྦག་ཁང་བཙུགས་འདུག་ཅེས་མང་ཚོགས་ཀྱིས་ཐེར་འདོན་བྱས་པ་རེད།

    ཐེར་འདོན་བྱས་མ་ཐག གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཕྱོགས་གཅིག་ནས་ཁུངས་སྣེ་འཚོལ་བཤེར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཉེས་གསོག་དོགས་ཅན་གྱིས་བཙུགས་པའི་སྦག་ཁང་དུ་དངོས་སྡོད་མྱུལ་ཞིབ་བྱས་པ་རེད། བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པ་ཁག་གསུམ་དུ་བགོས་ཏེ་གྱོད་གཞི་སྒྲུབ་པར་བསྐྱོད་ཅིང་། 2019ལོའི་ཟླ་5ཚེས་16དང་ཚེས་20ཉིན་དང་། ཟླ་6ཚེས་9ཉིན་ལྷ་ཉིང་རིམ་མཐོའི་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་དང་ལྷ་ས་གྲོང་ཁུལ་སོགས་ནས་སྔ་རྗེས་སུ་བཀྲ་ཤིས་དང་ཉི་མ་སོགས་ཉེས་གསོག་དོགས་ཅན་6བཟུང་པ་རེད།

    བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད། ད་ཆ་བཀྲ་ཤིས་དང་ཉི་མ་སོགས་ཉེས་གསོག་དོགས་ཅན་7གྱིས་ལྷ་ས་གྲོང་ཁྱེར་གྱི་བརྒྱད་གཅིག་ལམ་དང་ཅང་སུའུ་ལམ་སོགས་ལམ་དུམ་གྱི་ཇ་ཁང་ནང་སྦག་ཁང་བཙུགས་པ་དང་། ཤོ་དང་ཏག་སེ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱན་པོ་འགྱེད་པ་མ་ཟད། ཁེ་ཕན་ཆེན་པོ་ཐོབ་པ་བྱས་ཤིང་། སྦག་ཁང་ནང་རྒྱན་འགྱེད་མ་རྩ་གཡར་བ་དང་སྐྱེད་ལྕིའི་དངུལ་བུན་གཏོང་བ་སོགས་ཀྱི་ཐོག་ནས་ཁྲིམས་འགལ་ངང་ཁེ་ཕན་སྒོར་ཁྲི་500ཐོབ་པ་བྱས་པའི་ཉེས་གསོག་དོན་དངོས་རྩད་ཆོད་པ་རེད།

    མིག་སྔར། བཀྲ་ཤིས་དང་ཉི་མ་སོགས་ཉེས་གསོག་དོགས་ཅན་6ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། ཉེས་གསོག་དོགས་ཅན་གཞན་ཞིག་བྲོས་བྱོལ་དུ་སོང་བ་རེད། གྱོད་གཞི་དེ་སྔར་བས་རྩད་གཅོད་མཐའ་གསལ་བྱེད་བཞིན་ཡོད་པ་རེད།

    སྦག་རྒྱག་མཁན་10ལྷག་ཙམ་ལ་ཆད་པ་བཅད་པ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་གྲ་བཞི་མངགས་གཏོང་ཁང་གིས་རྒྱན་འགྱེད་གྱོད་གཞི་ཞིག་རྩད་ཆོད་པ་དང་། རྒྱན་འགྱེད་དང་འབྲེལ་བའི་མི་སྣ་5ཟིན་ཐུབ་པ་རེད། གྲྭ་བཞི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ས་ཁུལ་དུ་གཙང་སེལ་གཙང་བཤེར་ལས་དོན་སྤེལ་སྐབས་སེ་ར་ལམ་གྱི་བོད་ཟས་ཁང་ཞིག་ནང་བཀྲ་ཆེ་གེ་མོ་དང་། དབྱིང་ཆེ་གེ་མོ། པ་ཆེ་གེ་མོ། རྣམ་ཆེ་གེ་མོ་བཅས་མི་བཞི་སྦག་བརྒྱབ་ནས་རྒྱན་པོ་འགྱེད་བཞིན་ཡོད་པ་མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་ནས་བཟུང་པ་རེད།

    འདྲི་རྩད་བྱས་པ་བརྒྱུད། མི་བཞི་པོ་དེས་རྒྱན་པོ་འགྱེད་པའི་དོན་དངོས་ངོས་ལེན་ཞུས་པ་དང་བོད་ཟས་ཁང་དེའི་འགན་འཁུར་བ་བློ་ཆེ་གེ་མོས་སྦག་ཁང་དང་ཆ་རྐྱེན་མཁོ་འདོན་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ངོས་ལེན་ཞུས་པ་རེད། མིག་སྔར་བཀྲ་ཆེ་གེ་མོ་དང་། དབྱིང་ཆེ་གེ་མོ། པ་ཆེ་གེ་མོ། རྣམ་ཆེ་གེ་མོ་བཅས་མི་བཞི་པོ་སྲིད་འཛིན་བཀག་ཉར་ཉིན་7བྱས་པ་དང་འབྲེལ་དངུལ་ཆད་ཀྱང་སྒོར་500བཅད་པ་དང་རྒྱན་འགྱེད་མ་རྩ་གཞུང་བཞེས་བཏང་ཡོད། རྒྱན་པོ་འགྱེད་པར་ཆ་རྐྱེན་སྐྲུན་མཁན་བློ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་མ་ཟད། དངུལ་ཆད་སྒོར་500བཅད་ནས་ཁྲིམས་འགལ་ངང་གཉེར་བའི་ཁེ་ཕན་དག་གཞུང་བཞེས་བཏང་ཡོད།

    གཞན་ཡང་། བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་ལ་ཁུལ་ཆུང་ཞིག་གི་ཉེ་འགྲམ་གྱི་ཕན་བདེའི་རྒྱན་ཤོག་ཚོང་ཁང་གི་ཐོག་སོ་གཉིས་པར་མི་འགའ་ཞིག་རྒྱན་པོ་འགྱེད་ཀྱི་འདུག་ཅེས་མང་ཚོགས་ཀྱིས་ཐེར་འདོན་བྱས། ཐེར་འདོན་འབྱོར་མ་ཐག མི་དམངས་ཉེན་རྟོག་པས་འཕྲལ་དུ་རྒྱན་པོ་འགྱེད་ཡུལ་དུ་བསྐྱོད་ནས་སྦག་རྒྱག་མཁན་ཀྲང་ཆེ་གེ་མོ་དང་། སུན་ཆེ་གེ་མོ། ལུའུ་ཆེ་གེ་མོ། ཝང་ཆེ་གེ་མོ། ལིའུ་ཆེ་གེ་མོ། ཁུང་ཆེ་གེ་མོ། ལུའོ་ཆེ་གེ་མོ། ཕུང་ཆེ་གེ་མོ་བཅས་བཟུང་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཁུང་ཆེ་གེ་མོ་ནི་སྦག་རྒྱག་མཁན་ཙམ་མ་ཟད་སྦག་ཁང་འཛུགས་མཁན་ཡང་ཡིན་པས་དེའི་ཁྲོད་ནས་ཁེ་ཕན་མི་ཉུང་བ་ཞིག་རག་པ་རྩད་ཆོད། ཁུང་ཆེ་གེ་མོ་སོགས་མི་8ཀྱིས་རང་ཉིད་ཀྱི་ཁྲིམས་འགལ་དོན་དངོས་ངོས་ལེན་ཞུས་པ་རེད།

    འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་། མི་དམངས་ཉེན་རྟོག་པས་ཁུང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་10བྱས་པ་དང་འབྲེལ་དངུལ་ཆད་སྒོར་500བཅད་པ་དང་། ལུའུ་ཆེ་གེ་མོ་དང་། ལིའུ་ཆེ་གེ་མོ། ཀྲང་ཆེ་གེ་མོ། སུན་ཆེ་གེ་མོ་བཅས་ལ་ཁྲིམས་ལྟར་དངུལ་ཆད་སྒོར་500བཅད་པ། ལིའུ་ཆེ་གེ་མོ་དང་། ཝང་ཆེ་གེ་མོ། ཁུང་ཆེ་གེ་མོ་བཅས་ལ་དངུལ་ཆད་སྒོར་200བཅད་ཡོད། 


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།