[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་སྲིད་འཛིན་དིང་གིས་ལས་རྨས་ཀྱི་སྲིད་འཛིན་གཏན་འཁེལ་གྱོད་གཞི་ཞིག་ཞིབ་གཅོད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་སྲིད་འཛིན་དིང་གིས་འདྲི་གཅོད་གཉིས་པའི་ལས་རྨས་ཀྱི་སྲིད་འཛིན་གཏན་འཁེལ་གྱོད་གཞི་ཞིག་ཞིབ་གཅོད་བྱས་ཤིང་། ཞུ་གཏུག་རྒྱག་མཁན་བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གིས་ཞིབ་གཅོད་བརྒྱུད་རིམ་ཁྲོད་ཞུ་གཏུག་རྒྱག་ཡུལ་བོད་ཀྱི་ཚན་པ་ག་གེ་མོས་ཐོག་མའི་འདྲི་ཞིབ་མི་སྣ་གསུམ་པ་ཞུས་ཆེ་གེ་མོར་བྲིས་པའི《ལས་རྨས་ངོས་འཛིན་ཡི་གེ》ཕྱིར་འཐེན་བྱེད་རྒྱུའི་རེ་བ་བཏོན་པའི་སྐོར་གྱི་ཞུ་གཏུག་ཕྱིར་འཐེན་བྱས་པས་འདྲི་གཅོད་གཉིས་པ་བརྒྱུད་ཞུས་ཆེ་གེ་མོས་ལས་རྨས་འགན་བཅོལ་དངུལ་ལེན་ཐུབ་ཡོད།

    གྱོད་གཞིའི་སྔ་ཕྱིའི་བརྒྱུད་རིམ།

    ཐོག་མའི་འདྲི་ཞིབ་མི་སྣ་གསུམ་པ་ཞུས་ཆེ་གེ་མོ་ནི་ཞུ་གཏུག་རྒྱག་མཁན་ཏེ་བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོས(ཐོག་མའི་འདྲི་ཞིབ་བྱ་ཡུལ་དང་གྱོད་བདག)སྐྲུན་འགན་འཁུར་བའི“རྒྱལ་ལམ་318བོད་རྒྱུད་ཀྱི་གཞུང་ལམ(བོད་ཀྱི་མངའ་ཁོངས)གསུམ་འཛོམས་ནས་རྒུ་ཤང་བར་གྱི་ལམ་དུམ་བཅོས་སྒྲིག་སྒྱུར་བཀོད་ལས་གྲྭའི་Bདུམ་བུའི་རྣམ་གྲངས”ཀྱིས་བསྡུས་པའི་ཤིང་བཟོ་བ་ཞིག་རེད། ཕྱོགས་གཉིས་པོས་2016ལོའི་ཟླ་3ཚེས་23ཉིན《ངལ་རྩོལ་གན་རྒྱ》བཞག་པ་དང་འབྲེལ་ངལ་རྩོལ་དུས་ཚད་གཏན་འཁེལ་མེད་པར་ཉིན་རེར་གླ་ཆ་སྒོར་300སྤྲོད་རྒྱུའི་ཁ་ཆད་བྱས་པ་རེད།

    2016ལོའི་ཟླ་8ཚེས་24ཉིན། ཐོག་མའི་འདྲི་ཞིབ་མི་སྣ་གསུམ་པ་ཞུས་ཆེ་གེ་མོས་ཞུ་གཏུག་རྒྱག་ཡུལ་བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོས་སྐྲུན་འགན་འཁུར་བའི་རྒྱལ་ལམ་318བོད་རྒྱུད་ཀྱི་གཞུང་ལམ(བོད་ཀྱི་མངའ་ཁོངས)གསུམ་འཛོམས་ནས་རྒུ་ཤང་བར་གྱི་ལམ་དུམ་བཅོས་སྒྲིག་སྒྱུར་བཀོད་ལས་གྲྭའི་Bདུམ་བུའི་རྣམ་གྲངས་དཀར་མདའ་ཟམ་ཆེན་གྱི་ཟམ་འོག་གི་གད་སྙིགས་གཙང་སེལ་བྱེད་སྐབས་སྟབས་མི་ལེགས་པར་མཐོ་ཚད་སྨི་3ཡོད་པའི་སྐས་འཛེགས་ནས་ལྷུང་སྟེ་རྨས་སྐྱོན་ཕོག་པ་མ་ཟད། ཉིན་གཉིས་པར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་པ་རེད།

    2017ལོའི་ཟླ་4ཚེས་21ཉིན། ཐོག་མའི་འདྲི་ཞིབ་མི་སྣ་གསུམ་པ་ཞུས་ཆེ་གེ་མོས་རང་ཉིད་གནས་ཡུལ་གྱི་གྲོང་ཁྱེར་མི་སྤྱི་ཅུས(ཐོག་མའི་འདྲི་ཞིབ་ཀྱི་ཞུ་སྦྱོར་ཕྱི་མ)ལ་ལས་རྨས་ངོས་འཛིན་བྱ་རྒྱུའི་རེ་ཞུ་ཕུལ་བ་རེད། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་འབྲེལ་ཡོད་དཔང་རྟགས་གཞིར་བཟུང་། ཁྲིམས་བཞིན་ཞིབ་དཔྱོད་བྱས་པ་བརྒྱུད་ལས་རྨས་ངོས་འཛིན་གྱི་ཐག་གཅོད་ཡི་གེ་སྤྲད་དེ། ཞུས་ཆེ་གེ་མོར་ཁ་ཆད་བྱས་པའི་ལས་ཀའི་དུས་ཚོད་རིང་ལས་ཡུལ་དུ་ལས་ཀས་རྐྱེན་པས་ལས་འཛོལ་བྱུང་ཏེ་རྨས་སྐྱོན་ཕོག་པས་ལས་རྨས་ཡིན་པའི་ངོས་འཛིན་ཡང་བྱས་པ་རེད།

    ཀུང་སི་དེས་ལས་རྨས་ངོས་འཛིན་ཁས་ལེན་ལ་ཡི་རངས་མ་བྱུང་བར་2017ལོའི་ཟླ་9ཚེས་25ཉིན་རང་སྐྱོང་ལྗོངས་མི་སྤྱི་ཐིང(ཐོག་མའི་འདྲི་ཞིབ་ཀྱི་ཞུ་སྦྱོར་ཕྱི་མ)ལ་སྲིད་འཛིན་བསྐྱར་གྲོས་བྱ་རྒྱུའི་རེ་ཞུ་བྱས་པར་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་བདག་སྤྲོད་བྱས་པ་དང་འབྲེལ་ཞིབ་བཤེར་བྱས་རྗེས། 2017ལོའི་ཟླ་11ཚེས་23ཉིན་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཐིང་གིས་ལས་རྨས་ངོས་འཛིན་གྱི་ཐག་གཅོད་ཡི་གེའི《སྲིད་འཛིན་བསྐྱར་གྲོས་ཐག་གཅོད་ཡི་གེ》རྒྱུན་འཁྱོངས་བྱེད་རྒྱུའི་ཐག་གཅོད་བྱས། ཀུང་སིས་དེས་ཐག་གཅོད་བྱས་པར་ཡི་རངས་མ་བྱུང་བར་སྲིད་འཛིན་ཞུ་གཏུག་བརྒྱབ་པ་མ་ཟད། ཞུས་ཆེ་གེ་མོ་དང་ཀུང་སིའི་དབར་གླ་པའི་འབྲེལ་བ་ཡིན་པ་ལས་ངལ་རྩོལ་གྱི་འབྲེལ་བ་མིན་པས་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་དང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གཉིས་ཀྱིས་ལས་རྨས་ངོས་འཛིན་དང་། དེ་བཞིན《སྲིད་འཛིན་བསྐྱར་གྲོས་ཐག་གཅོད་ཡི་གེ》སྤྲད་པའི་དོན་དངོས་གསལ་པོ་མེད་པ་མ་ཟད། དཔང་རྟགས་ཀྱང་ཆ་ཚང་པོ་མེད་པས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱས།

    འདྲི་གཅོད་དང་པོའི་ཁྲིམས་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་དང་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ངོས་འཛིན་བྱས་པའི་ལས་རྨས་ངོས་འཛིན་དང་། དེ་བཞིན《སྲིད་འཛིན་བསྐྱར་གྲོས་ཐག་གཅོད་ཡི་གེ》རྒྱུན་འཁྱོངས་བྱས། ཞུ་གཏུག་རྒྱག་མཁན་བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོས་ཐག་གཅོད་དེར་ཡི་རངས་མ་བྱུང་བར་ཡང་བསྐྱར་ཞུ་གཏུག་བརྒྱབ་པ་རེད། འདྲི་གཅོད་གཉིས་པས་བདག་སྤྲོད་བྱས་རྗེས་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་སྲིད་འཛིན་དིང་གི་ཁྲིམས་དཔོན་གྱིས་གྱོད་དོན་ལ་མྱུལ་ཞིབ་གཏིང་ཟབ་བྱས་ཏེ་གྱོད་གཞིའི་འབྱུང་རྩ་ཁོང་དུ་ཏན་ཏིག་ཆུད་པར་བྱས། ཞུ་གཏུག་རྒྱག་མཁན་བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོས་ཞིང་པ་ལས་མིའི་ལས་རྨས་དེ“ལས་བཟོའི”ཁྱབ་ཁོངས་ལ་མི་ཚུད་པའི་ངོས་འཛིན་བྱས་པའི་རྐྱེན་གྱིས་སྲིད་འཛིན་དིང་གི་ཁྲིམས་དཔོན་གྱིས《ཞིང་པ་ལས་མི་ལས་རྨས་འགན་བཅོལ་ནང་ཞུགས་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོའི》དགོངས་དོན་དང་། དེ་བཞིན་ཕྱོགས་གཉིས་ཀའི་དབར་ངལ་རྩོལ་འབྲེལ་བ་ཡོད་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཞུ་གཏུག་རྒྱག་མཁན་བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོར་བཅའ་ཁྲིམས་ཀྱི་འགྲེལ་བཤད་འབོར་ཆེན་བརྒྱབ་པ་དང་འབྲེལ་གཙོ་བོ་སྤྱི་ཚོགས་ཀྱི་འགན་འཁྲིའི་ཐོག་ནས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ལུགས་ཁྲིད་སྟོན་བྱས་པ་རེད།

    ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་སྲིད་འཛིན་དིང་གི་ཁྲིམས་དཔོན་གྱིས་ཁ་པར་ཐེངས་མང་བརྒྱབ་པ་དང་། བོད་ལྗོངས་འཛུགས་སྐྲུན་ཚད་ཡོད་ཀུང་སི་ག་གེ་མོ་དང་མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། སྲིད་འཛིན་དིང་གི་ཁྲིམས་དཔོན་གྱི་འབད་བརྩོན་འོག་ཕྱོགས་གཉིས་དབར་མཐར་བསམ་འཆར་གཅིག་མཐུན་བྱུང་ནས་ཀུང་སི་དེས་ཞུས་ཆེ་གེ་མོའི་ལས་རྨས་ངོས་འཛིན་ལ་མོས་མཐུན་བྱས་པ་དང་འབྲེལ་ཁྲིམས་ཁང་གི་གཙོ་སྐྱོང་འོག་ཁྲིམས་རར་ཞུ་གཏུག་ཕྱིར་འཐེན་བྱས་ནས་ཞུས་ཆེ་གེ་མོར་ལས་རྨས་འགན་བཅོལ་གྱི་དངུལ་རག་པ་རེད།

    ཞིང་པ་ལས་མིར་ཨར་སྐྲུན་བྱ་ཡུལ་དུ་རྨས་སྐྱོན་ཕོག་སྐབས་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་དགོས་སམ།

    ཤེས་རྟོགས་བྱས་པར་གཞིགས་ན། ཞིང་པ་ལས་མིར་རྨས་སྐྱོན་ཕོག་སྐབས་ས་གནས་དེ་གའི་མི་སྤྱི་སྡེ་ཚན་དུ་ལས་རྨས་གསལ་འབྱེད་བྱེད་པར་བསྐྱོད་དགོས་པ་དང་། ལས་རྨས་ཀྱི་གོ་རིམ་བཞིན་ལས་རྨས་འགན་བཅོལ་དངུལ་རེ་ཞུ་བྱེད་དགོས། མི་སྤྱོད་ཚན་པས་སྤྱི་ཚོཌ་འགན་བཅོལ་ཉོས་མེད་ཀྱང་ངེས་པར་དུ་ལས་རྨས་གཞིར་བཟུང་གུན་གསབ་སྤྲོད་དགོས། གལ་ཏེ་མི་སྤྱོད་ཚན་པས་ལས་རྨས་གུན་གསབ་ལ་མོས་མཐུན་མ་བྱས་ཚེ་མི་སྤྱི་སྡེ་ཚན་དུ་ངལ་རྩོལ་ཁྲུན་གཅོད་ཀྱི་རེ་ཞུ་བྱེད་པར་བསྐྱོད་ཆོག ཁྲུན་ཆོད་ཀྱི་མཇུག་འབྲས་ལ་ཡི་རངས་མ་བྱུང་ཚེ་ཁྲིམས་ཁང་དུ་བསྐྱོད་ནས་མི་ལུས་གནོད་འཚེའི་གུན་གསབ་་འཇལ་དགོས་པའི་རེ་ཞུ་བྱེད་དགོས། དེ་དང་ཆབས་ཅིག ཞིང་པ་ལས་མིས་ངལ་རྩོལ་གན་རྒྱ་དང་། ལས་ཞུགས་ཟིན་ཐོ། གླ་ཆ་ལེན་སྐབས་རང་མིང་བཀོད་པ། ལས་གོས། ལས་མིའི་ལག་ཁྱེར། རང་ཉིད་ཀྱིས་སྒྲུབ་མྱོང་བའི་ཀུང་སིའི་འབྲེལ་ཡོད་ཡིག་ཆ། དངོས་རྫས་ལེན་སྤྱོད་ཀྱི་སྤ་སེ་ལ་སོགས་པའི་དཔང་རྟགས་བདག་གཅེས་ཡག་པོ་བརྒྱབ་ཏེ་རང་ཉིད་དང་མི་སྤྱོད་ཚན་པའི་དབར་ལ་ངལ་རྩོལ་གྱི་འབྲེལ་བ་ཡིན་པ་ར་སྤྲོད་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།