[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ​མེ་ཏོག་རྫོང་སྤ་སྟེང་རྩེ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གི་རུ་དཔོན་ལིན་ཡན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    2018ལོར་ལིན་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་གི་སྤྱིའི་སྣེ་ཁྲིད་པ་དང་། སྤ་སྟེང་རྩེ་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་དཔོན་བྱས་ཏེ་མེ་ཏོག་རྫོང་དུ་ལོ་གཅིག་གི་གྲོང་སྡོད་ལས་དོན་བསྒྲུབས་པ་རེད།

    ལས་ཁུངས་ཀྱིས་མེ་ཏོག་རྫོང་དུ་བཅའ་སྡོད་བྱ་རྒྱུར་མངགས་པའི་གྲོང་སྡོད་ལས་དོན་ཚོགས་ཆུང་གི་ཁག་དང་པོའི་བུད་མེད་བློ་མཐུན་གྱི་ངོས་ནས་བརྗོད་ན། དང་ཐོག་ཁོང་གི་སེམས་ནང་གྲོང་སྡོད་ལས་དོན་ཇི་ལྟར་སྒྲུབ་དགོས་པའི་ཐད་གདེང་ཚོད་ཆེན་པོ་མེད་པ་རེད། འོན་ཀྱང་། རུ་དཔོན་ཡིན་པའི་ངོས་ནས་ཁོང་གིས་མཐའ་བར་གསུམ་དུ་མང་ཚོགས་ལ་དགའ་ཞེན་དང་མང་ཚོགས་དང་འབྲེལ་འདྲིས་གཏིང་ཟབ་བྱས་ཤིང་། རུ་མིའི་སྣེ་ཁྲིད་ནས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་པ་དང་། དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ཀྱི“གཙོ་གནད་ལས་ཀའི་ལས་འགན་ཁག་བདུན”ལ་དམ་པོར་དམིགས་ནས་གྲོང་སྡོད་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་ཏེ་དབུལ་སྒྲོལ་གྱི་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་པ་རེད། ཁོང་གིས་སེམས་རྩ་འཁོལ་བའི་ལས་ཀའི་རྣམ་འགྱུར་གྱི་ཐོག་ནས་དུས་རབས་གསར་པའི་གྲོང་སྡོད་ལས་བྱེད་པའི་གཟུགས་བརྙན་ཡག་པོ་བཏོད་ཡོད།

    1 སློབ་སྦྱོང་དང་སྒྲོག་འགྲེལ་གྱི་མིག་དཔེ་བ།

    ལིན་ཡན་གྱིས་ཐོག་མཐའ་བར་གསུམ་དུ་སྤ་སྟེང་རྩེ་གྲོང་ཚོའི་མང་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་སྡོད་ལས་དོན་རུ་མིའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དབུལ་སྐྱོར་སྲིད་ཇུས་སློབ་སྦྱོང་བྱས་པ་དང་སྦྲགས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཇི་ལྟར་དྲིལ་བསྒྲགས་ཡག་པོ་བྱེད་པའི་ཐད་བསམ་བློ་ནན་ཏན་གཏོང་གི་ཡོད།

    ཁོང་གིས་རུ་མིའི་སྣེ་ཁྲིད་ནས་དྲིལ་བསྒྲགས་བྱང་བུ་བཟོས་པ་དང་། དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་དང་གཅིག་སྡུད་དྲིལ་བསྒྲགས་བྱས་ཁར། རང་འགུལ་ངང་སྒྲོག་འགྲེལ་གྱི་ལས་འགན་གཙོ་བོ་ཁུར་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མ་ཡིག་དང་ཟུར་ཁྲིད་དྲི་བ་བརྒྱ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐ་སྙད་གཙོ་བོ་སོགས་གཙོ་གནད་དུ་བྱས་ནས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། དྲིལ་བསྒྲགས་སྐུལ་སློང་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་འཚོགས་པ་དང་དེ་བཞིན་མང་ཚོགས་ཀྱི་སྒྲོག་འགྲེལ་པ་བཀོད་སྒྲིག་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གིས་དམངས་ལ་བཅངས་པའི་བརྩེ་སེམས་རྣམས་ཁོང་གིས་གཏམ་རྒྱུད་བརྗོད་པ་ལྟར་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་སྲོག་ཤིང་ལ་ལྷག་བསམ་རྣམ་དག་གིས་གོང་བཀུར་དང་རང་རྟོགས་ངང་བརྩི་བཀུར་ཞུ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། ཁོང་གིས་བདེ་ཞིང་ཤང་ལ“བཀའ་དྲིན་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་གོ་སྐབས་སུ་འཛིན་ནས་མང་ཚོགས་ཀྱི་གཏམ་བཤད་མ་ཟིན་ལ་བཟོ་བཅོས་རྒྱག་རོགས་དང་། མང་ཚོགས་ལ་སོ་སོའི་ཉེ་འཁོར་གྱི་འགྱུར་ལྡོག་གླེང་རྒྱུར་ཁྲིད་སྟོན་བྱེད་རོགས་བྱས་པས། སྤ་སྟེང་རྩེ་གྲོང་ཚོའི་འགྲན་ཞུགས་ཞིང་འབྲོག་མང་ཚོགས་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་གཅིག་སྡུད་སྒྲོག་འགྲེལ་བྱེད་རིང་། ལིན་ཡན་གྱིས་བྱས་པའི་སྒྲོག་འགྲེལ་གྱིས་85%བཟུང་ཡོད་པ་རེད།

    2 གནད་སྨིན་དབུལ་སྒྲོལ་གྱི་ལག་ལེན་པ།

    བརྟག་ཞིབ་ནན་ཏན་བྱས་པའི་ཐོག ལིན་ཡན་གྱིས་གྲོང་ཚོའི་ཐོན་ཁུངས་གང་ལེགས་སྤྱད་ནས་སྨྱུག་སླེའི་ཡོང་འབབ་མང་དུ་གཏོང་བའི་འཕེལ་རྒྱས་བསམ་ཕྱོགས་བཏོན་པ་དང་། ཇ་ལོའི་རྟེན་གཞིར་བརྟེན་ནས་ཇ་ལོ་ཡག་པོ་བཏབ་ནས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བའི་ལྟ་ཚུལ་ཡང་བཏོན་ཡོད། ཁོང་གིས་གྲོང་སྡོད་རུ་མིའི་སྣེ་ཁྲིད་ནས་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཞིང་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་ཤུགས་ཆེན་བྱས་ཁར། མང་ཚོགས་ཀྱི“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་ཁྱད་བསད་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་དང་། གྲོང་ཚོའི་འགོ་ཁྲིད་ཚན་ཁག་གིས་དམངས་ཕན་སྲིད་ཇུས་ཀྱི་སྒྲོག་འགྲེལ་ཁག་ལ་ཞུགས་རྒྱུར་སྐུལ་སློང་བྱས་པས་མང་ཚོགས་ནས་སྲིད་ཇུས་ལ་རྒྱུས་མངའ་བྱུང་བ་མ་ཟད། དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བའི་གདེང་ཚོད་དང་ཆོད་སེམས་འཕེལ་ནས་ཕྱུག་འགྱུར་གྱི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་པ་རེད།

    ཇ་ལོའི་རྟེན་གཞིའི་ཐོན་སྐྱེད་ལས་ཕྱོད་མཐོ་རུ་གཏོང་ཆེད། ལིན་ཡན་གྱིས་ཐབས་ཤེས་ཡོད་རྒུ་བཏོན་ནས་མང་ཚོགས་ལ་སྒོར་ཁྲི་1.3རི་བའི་རྨོ་འཕྲུལ་ཆུང་གྲས་2དང་། རྩྭ་འབྲེག་འཕྲུལ་འཁོར་2 ཤིང་འབྲས་སྡོང་ཕྲུག་300 དུད་ཚང་དབུལ་པོར་སྒོར་1000རི་བའི་སྔོ་ཚལ་གྱི་ས་བོན་བཅས་ཐག་གཅོད་བྱས་པ་རེད།

    3 བསམ་པའི་དཔལ་ཡོན་སྲོལ་གཏོད་པ།

    ལིན་ཡན་གྱིས་འགན་ནུས་ལེགས་ཆ་གང་ལེགས་བཏོན་ནས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་དེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཡོད། “རྒྱལ་སྤྱིའི་དུག་འགོག”ཉིན་མོར་ཁོང་གིས་ཁྲིད་ཟིན་བཟོས་ནས་དུག་རྫས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། ལྟ་མི་བཟོད་པའི་འདྲ་པར་རེ་རེ་དང་། ཁ་གསལ་གོ་བདེའི་གཏམ་བཤད་ནས་དོན་དངོས་གསལ་བཤད་བྱས་ཏེ་དུག་འགོག་ཐད་ཀྱི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། གྲོང་ཚོ་དང་དུད་ཁྱིམ་དུ་བསྐྱོད་སྐབས་མང་ཚོགས་ཀྱིས་ཁ་ལོ་བའི་ལག་ཁྱེར་ཉོ་འདོད་བྱེད་པ་ཤེས་འཕྲལ། ལིན་ཡན་གྱིས་མང་ཚོགས་ལ་དཔེ་མཚོན་འགྲེལ་བཤད་དང་ཉེས་གསོག་པའི་ཁ་བསླུས་བྱེད་སྤྱོད་གསལ་པོར་བཤད་དེ་ཐབས་ལམ་ཚུལ་མཐུན་བརྒྱུད་ནས་ཁ་ལོ་བའི་ལག་ཁྱེར་ལེན་དགོས་པ་ལས་གཡོ་འོག་ཏུ་མི་ཚུད་པ་བྱེད་པའི་ཁ་ཏ་བསླབ་བྱ་བྱས་པ། རྩོད་གཞི་ཐོན་པའི་ཁྱིམ་ཚང་དབར་ལིན་ཡན་གྱིས་ངོ་ཐུག་བྱས་ནས་འདུམ་སྒྲིག་བྱས་ཤིང་། ཐེངས་གཅིག་ལ་བར་འདུམ་མ་བྱུང་ན་ཐེངས་གཉིས་དང་གསུམ་སོགས་མང་ཚོགས་བློ་ཡིད་མ་ཚིམ་བར་ཁྲིམས་དང་གནས་ལུགས་འགྲེལ་བཤད་རྒྱག་གི་ཡོད།

    ལོ་གཅིག་གི་གྲོང་སྡོད་ལས་དོན་ནང་། ཁོང་གིས་རུ་མི་ཡོངས་ཀྱི་སྣེ་ཁྲིད་ནས་གྲོང་སྡོད་ལས་འགན་ཁག་ཕྱོགས་ཡོངས་ནས་བསྒྲུབས་པར་བརྟེན། སྤ་སྟེང་རྩེ་གྲོང་ཚོའི་དབུལ་ཞྭ་དུས་ཐོག་ཏུ་ཕུད་ཐུབ་པ་བྱུང་བ་དང་། ཁོང་རང་ཉིད་ལའང་ཡུལ་དེའི་མང་ཚོགས་དང་ལས་བྱེད་པའི་བསྔགས་བརྗོད་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།