[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཟླ་དྲུག་པ་ནས་བཟུང་ང་ཚོའི་འཚོ་བ་དང་འབྲེལ་བ་ཡོད་པའི་གཏན་འབེབས་གསར་པ་ཁག་གཅིག་བཏོན་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    1 གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ཞབས་པའི་བཅའ་ཁྲིམས་ཀྱིས་གཞུང་ཞབས་པའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།

    གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ཞབས་པའི་བཅའ་ཁྲིམས་ནང་རྒྱལ་ཁབ་ཀྱིས་གཞུང་ཞབས་པའི་གོ་གནས་དང་གོ་གནས་ཀྱི་རིམ་པ་མཉམ་སྤྱོད་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས་པའི་གཏན་འབེབས་གསལ་པོར་བྱས་ཡོད། ལམ་ལུགས་ཇུས་འགོད་ཞིབ་ཕྲར་གཅིག་ནས་གོ་གནས་ཀྱི་རིམ་པའི་གོ་རིམ་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་། གཉིས་ནས་གོ་གནས་ཀྱི་རིམ་པ་སྤོར་བའི་ཆ་རྐྱེན་དང་གོ་རིམ་ལ་རྩ་དོན་གྱི་གཏན་འབེབས་བཟོས་པ། གསུམ་ནས་ཆེད་ལས་ཀྱི་ལག་རྩལ་རིགས་དང་སྲིད་འཛིན་ཁྲིམས་སྐྱོང་རིགས་ཀྱི་གཞུང་ཞབས་པའི་གོ་གནས་ཀྱི་རིམ་པ་བཀོད་སྒྲིག་བྱེད་པར་བཅའ་ཁྲིམས་འདི་གཞིར་བཟུང་རྒྱལ་ཁབ་ཀྱིས་གཏན་འབེབས་གཞན་བྱས་ཏེ་ལམ་ལུགས་ཀྱི་འཐུས་མཚམས་ཁ་གསལ་བཟོས་པ་རེད།

    གསར་དུ་བཟོ་བཅོས་བརྒྱབ་པའི་གཞུང་ཞབས་པའི་བཅའ་ཁྲིམས་ཀྱིས་གཞུང་ཞབས་པར་དོ་དམ་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་དང་དུས་མཚུངས། དྲང་ཕྱོགས་སྐུལ་སློང་དང་སེམས་ཁུར། དོ་ཁུར་ལ་ཤུགས་སྣོན་བརྒྱབ་ནས་གཞུང་ཞབས་པའི་གོ་གནས་དང་གོ་གནས་ཀྱི་རིམ་པ་མཉམ་སྤྱོད་ལམ་ལུགས་བཙུགས་པ་ཕུད། རྒྱ་ཆེའི་གཞུང་ཞབས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་དང་སྐུལ་སྤེལ་གང་ལེགས་བྱེད་པར་དམིགས་ཤིང་ད་དུང་གཤམ་གསལ་གྱི་ཕྱོགས་ཁག་ལ་བྱ་ཐབས་བཏོན་པ་སྟེ། གཅིག་ནས་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཉིས་ནས་བྱ་དགའ་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གསུམ་ནས་ཁེ་དབང་འགན་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཞུང་ཞབས་པའི་རྒན་གསོ་སོགས་ཀྱི་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་ཕན་ཚུན་འབྲེལ་མཐུད་བྱེད་པའི་བླང་བྱར་གཞིགས་ནས་གཞུང་ཞབས་པའི་འགན་བཅོལ་གཏན་འབེབས་ཐད་དེ་མཚུངས་ཀྱི་བཟོ་བཅོས་བརྒྱབ་ཡོད་པ་རེད།

    2 བེད་མེད་འཕྲུལ་སྒུལ་འཁོར་རིགས་ཚུར་བསྡུ་དོ་དམ་བྱ་ཐབས་སྤྱད་ནས་ཁོར་ཡུག་སྲུང་སྐྱོང་བླང་བྱ་ནན་དུ་བཏང་བ།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《བེད་མེད་འཕྲུལ་སྒུལ་འཁོར་ལོ་ཚུར་བསྡུ་དོ་དམ་བྱ་ཐབས》ཡོངས་བསྒྲགས་བྱས་པ་དང་བྱ་ཐབས་དེ་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱས་པ་རེད།

    བྱ་ཐབས་དེས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་ནན་དུ་བཏང་བ་དང་། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཚུར་བསྡུའི་ཁེ་ལས་ཀྱི་ཐོབ་ཐང་གཏན་འཁེལ་བྱས་པའི་ཆ་རྐྱེན་འོག་མཛོད་ཉར་བཤིག་ར་དང་། སྒྲིག་ཆས་སྒྲིག་བཀོད། གསེད་བཀྲོལ་བྱ་ཐབས་ཚད་ལྡན་སོགས་ལ་གཏན་འབེབས་གསར་སྣོན་བྱས་ཡོད། བྱ་ཐབས་ནང“གློད་སྡོམ་ཞབས་གསུམ”སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྱུར་བཅོས་ཀྱི་བླང་བྱ་ལག་བསྟར་བྱས་པ་དང་། བེད་མེད་འཕྲུལ་སྒུལ་འཁོར་ལོ་ཉོ་སྒྲུབ་ཀྱི་རིན་གོང་བེད་མེད་སྙིགས་རོའི་ལྕགས་རིགས་ཀྱི་ཁྲོམ་རའི་རིན་གོང་ལ་གཞིགས་ནས་རྩིས་རྒྱག་པའི་གཏན་འབེབས་མེད་པར་བཟོས་པ། བེད་མེད་འཕྲུལ་འགུལ་འཁོར་ལོ་ཚུར་བསྡུ་གསེད་བཀྲོལ་ཁེ་ལས་ཀྱི་དམིགས་བསལ་ལས་རིགས་ཀྱི་ཆོག་འཐུས་མེད་པར་བཟོས་པ་རེད། དོ་དམ་བྱ་ཐབས་གསར་གཏོད་བྱས་ནས་དྲ་ཐོག་རེ་ཞུ་དང་དྲ་ཐོག་བདག་སྤྲོད་སྐུལ་སྤེལ་བཏང་སྟེ་ཁེ་ལས་ཀྱིས་ལས་སྒྲུབ་ལ་སྟབས་བདེ་བསྐྲུན་ཡོད། ལས་དོན་སྤེལ་རིང་དང་སྤེལ་རྗེས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྡེ་ཚན་དབར་གྱི་ཁྲིམས་སྐྱོང་བྱེད་སྒོའི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཐོག ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱས་ཡོད།

    3 རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་རྒྱལ་ཡོངས་སུ་གཅིག་གྱུར་རྒྱུགས་ལེན་བྱ་ཆོག་པ།

    ཟླ་6ཚེས་1ཉིན་ནས་བཟུང་། རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་ཡུལ་གཞན་དུ་ལེན་ཆོག་པ་དང་རྒྱལ་ཡོངས་སུ་ལག་ཁྱེར་གཅིག་གྱུར་རྒྱུགས་ལེན་བྱེད་འགོ་ཚུགས་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཉེ་དུས་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་གསར་པ་ཁག་10བཏོན་པ་རེད། རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་རྒྱལ་ཡོངས་སུ་གཅིག་གྱུར་རྒྱུགས་ལེན་བྱ་ཆོག་པ་ནི་དེའི་བྱེད་ཐབས་གསར་པ་ཞིག་རེད། སྲིད་ཇུས་གསར་པ་ལག་བསྟར་བྱས་རྗེས། རླངས་འཁོར་ཆུང་གྲས་ཀྱི་ལས་སྒོ་ཚང་མ་རྒྱལ་ཡོངས་སུ་གཅིག་གྱུར་གཉེར་ཐུབ་པ་དང་ནང་སའི་ཡུལ་མིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གང་རུང་དུ་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་བྱ་ཆོག་པ་མ་ཟད། ཁ་གསབ་དང་། བརྗེ་བ། ཞིབ་དཔྱད་བཅས་བྱ་ཆོག་པས་ཐེམ་ཐོ་གནས་ཡུལ་དུ་ལོག་མི་དགོས་ལ་གནས་སྡོད་དང་གནས་སྐབས་སྡོད་པ་སོགས་ཀྱི་ལག་ཁྱེར་སྤྲོད་དགོས་ཀྱི་མེད། ཚོད་དཔག་བྱས་པར་གཞིགས་ན། སྲིད་ཇུས་གསར་པ་དེས་ལོ་ལྟར་ཁ་ལོ་བའི་ལག་ཁྱེར་ལེན་མཁན་ཁྲི་1200ལྷག་ཙམ་དང་ཁ་ལོ་བའི་ལག་ཁྱེར་ཁ་གསབ་དང་བརྗེ་བ་དང་ཞིབ་དཔྱད་བྱེད་མཁན་མི་ཐེངས་ཁྲི་370ལྷག་ཙམ་ལ་ཕན་བཏགས་ཏེ་འགྲིམ་འགྲུལ་འགྲོ་གྲོན་ཁོ་ན་ལས་མང་ཚོགས་ལ་སྒོར་དུང་ཕྱུར་200ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད།

    4 མཉམ་སྤྱོད་རྐང་འཁོར་ཁེ་ལས་ཀྱིས་རྩ་དོན་ཐོག་ནས་འཛད་སྤྱོད་པར་གཏའ་དངུལ་བསྡུ་མི་ཆོག་པ།

    འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་སོགས་སྡེ་ཚན་དྲུག་གིས་ཉེ་ཆར《འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་རྣམ་གསར་པའི་འཛད་སྤྱོད་པའི་མ་དངུལ་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་སྟེ་གཉེར་སྐྱོང་ཁེ་ལས་ཀྱིས་རྩ་དོན་ཐོག་ནས་འཛད་སྤྱོད་པར་གཏའ་དངུལ་བླངས་མི་ཆོག་པ་དང་བྱེད་ཐབས་དེ་ཟླ་6ཚེས་1ཉིན་ནས་ལག་བསྟར་བྱེད་རྒྱུ་གསལ་པོ་བཟོས་པ་རེད། བྱེད་ཐབས་ལ་ཁྱོན་ས་བཅད་5དང་དོན་ཚན་27ཡོད་ཅིང་། འཛད་སྤྱོད་པའི་མ་དངུལ་བསྡུ་ལེན་དང་། ཆེད་སྤྱོད་བཅོལ་དངུལ་གྱི་ཐོ་ཁོངས་བཟོ་བ་དང་དེ་བཞིན་མཉམ་འབྲེལ་ལས་ཀའི་ལམ་སྲོལ་བཟོས་ནས་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་གཏན་འབེབས་ཞིབ་ཕྲ་བཟོས་པ་རེད། འཛད་སྤྱོད་པའི་མ་དངུལ་བསྡུ་བའི་ཐད་བྱེད་ཐབས་ནང་གཉེར་སྐྱོང་ཁེ་ལས་ཀྱིས་རྩ་དོན་ཐོག་ནས་འཛད་སྤྱོད་པའི་གཏའ་དངུལ་མི་བསྡུ་བ་དང་བསྡུ་དགོས་ངེས་ཡིན་ཕྱིན། འཛད་སྤྱོད་པར་གཉེར་སྐྱོང་ཁེ་ལས་ཀྱི་ཆེད་སྤྱོད་བཅོལ་དངུལ་ཐོ་ཁོངས་དང་འཛད་སྤྱོད་པ་སྒེར་གྱི་དངུལ་ཁང་གི་མཇུག་རྩིས་ཐོ་ཁོངས་གཉིས་མཁོ་འདོན་གྱི་བྱེད་ཐབས་སྤྱད་དེ་འཛད་སྤྱོད་པར་གདམ་ག་བྱེད་དུ་འཇུག་དགོས་པ་གསལ་པོར་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།