[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

    མཁའ་འགྲུལ་གྱི་བཟའ་བཅར་གནད་དོན་ཡོད་ཚེ་ཁ་པར་བརྒྱབ་ནས་ཐེར་འདོན་གོང་ཞུ་བྱེད་ཆོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    བཟའ་བཅའི་བདེ་འཇགས་ནི་མི་ཚང་མའི་བདེ་ཐང་དང་འབྲེལ་བ་ཡོད་ལ། སྤྱི་དམངས་ཡོངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་གནད་དོན་གྱི་གྲས་ཤིག་ཀྱང་རེད། ལྷ་ས་གོང་དཀར་གནམ་ཐང་ནི་རང་ལྗོངས་ཀྱི་མིག་སྔའི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་འགག་སྒོ་འབའ་ཞིག་དེ་ཡིན་པ་དང་། གནམ་ཐང་དུ་བཟའ་འཐུང་སོགས་ཀྱི་ཁེ་ལས་ཡོད་པས་འཕྲོད་བསྟེན་ལྟ་སྐུལ་གྱི་ལས་དོན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་། མཁའ་འགྲུལ་འགག་སྒོའི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་བྱ་ཆེད། ཉེ་ཆར་ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    p18.jpg

    འདི་ནི་ཆེད་དོན་ཞིབ་བཤེར་བྱས་རྗེས་ལས་དོན་མི་སྣས་དངོས་དཔེ་ཚོད་ལྟ་ཁང་དུ་འཁྱེར་ནས་ཞིབ་བཤེར་བྱེད་བཞིན་པ།

    ལྷ་ས་གོང་དཀར་གནམ་ཐང་ནི་རྒྱལ་ཁབ་ཀྱི་འགག་སྒོའི་རིགས་དང་པོར་གཏོགས་ལ། རང་ལྗོངས་ཀྱི་མིག་སྔའི་རྒྱལ་སྤྱིའི་མཁའ་འགྲུལ་འགག་སྒོ་གཅིག་པུ་དེ་ཡང་རེད། ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོའི་ལས་སྒོར་འགན་འཁུར་གྱི་ཡོད་པ་རེད།

    བོད་ཀྱི་མཁའ་འགྲུལ་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཆུས་ཅུས་ཀྱིས་2018ལོར་ཡུལ་སྐོར་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་530ལས་ཐོག་མར་བརྒལ་བའི་ནང་། ལྷ་ས་གོང་དཀར་གནམ་ཐང་གིས་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་435ཟིན་ཡོད། དེར་བརྟེན་ལྷ་ས་གོང་དཀར་མཁའ་འགྲུལ་འགག་སྒོའི་བཟའ་བཅའི་བདེ་འཇགས་ལ་དམ་འཛིན་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་གནམ་ཐང་གི་ལས་དོན་མི་སྣའི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱ་རྒྱུ་ནི་ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱི་འཕྲོད་བསྟེན་ལྟ་སྐུལ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད།

    ཟླ་5ཚེས་7ཉིན་གྱི་སྔ་དྲོར། ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་མཁའ་འགྲུལ་འགག་སྒོའི་ཁོངས་གཏོགས་ཁུལ་གྱི་བཟའ་བཅའ་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཚན་པའི་བཟའ་བཅའི་འཕྲོད་བསྟེན་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་པའི་ནང་དོན་ལ་ཁེ་ལས་ཀྱི་ཆོག་འཐུས་དོ་དམ་དང་། ཡིག་ཚགས་དོ་དམ། བཟའ་བཅའི་འཕྲོད་བསྟེན་དང་བདེ་འཇགས་དོ་དམ། ཁོར་ཡུག་འཕྲོད་བསྟེན། སྒྲིག་ཆས་སྒྲིག་བཀོད་ལ་དུག་སེལ་སྲུང་སྐྱོང་། ཉོ་སྒྲུབ་ཀྱི་རྩིས་ཐོར་ཞིབ་བཤེར་རྩིས་ལེན། མཛོད་ཁང་གི་དོ་དམ། ནད་སྦྱོར་སྐྱེ་དངོས་ཚོད་འཛིན་སོགས་ཚུད་ཡོད་པ་མ་ཟད། བཟའ་བཅར་ཞིང་སྨན་འཕྲོ་ལུས་ཡོད་མེད་དང་ལྕི་བའི་ལྕགས་རིགས་ཚད་ལས་བརྒལ་མིན་སོགས་ཀྱི་གནད་དོན་ལ་ས་གནས་ས་ཐོག་ཏུ་མགྱོགས་མྱུར་ཞིབ་བཤེར་བྱས་པ་རེད།

    དུས་འགོའི་བརྟག་ཞིབ་ལས་དོན་བརྒྱུད། ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་ཐེངས་འདིའི་ཆེད་དོན་ཞིབ་བཤེར་གྱི་གཙོ་གནད་དེ་སྤྱི་དམངས་ཡོངས་ཀྱིས་དོ་ཁུར་བྱེད་མང་ཤོས་ཀྱི་ཤིང་ཏོག་དང་སྔོ་ཚལ་དང་། འབྲུ་རིགས་ཀྱི་ཞིང་སྨན་འཕྲོ་ལུས་དང་ལྕི་བའི་ལྕགས་རིགས་ཚད་ལས་བརྒལ་བ། བཟའ་བཅར་ལྷད་གཏོང་བ་དང་རྗུས་མ་བཟོ་བ། ཐབ་ཚང་གི་འཕྲོད་བསྟེན་སོགས་ཀྱི་གནད་དོན་ཐད་བཞག་པ་རེད།

    ཐེངས་འདིའི་ཆེད་དོན་ཞིབ་བཤེར་བྱེད་རིང་། ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱི་ལས་དོན་མི་སྣས་ད་དུང་ལྷ་ས་གོང་དཀར་གནམ་ཐང་ནང་གི་བཟའ་བཅའ་ཕྱིར་ཚོང་དང་འབྲེལ་བ་ཡོད་པའི་ཡུལ་ཟོག་ཚོང་ཁང་དང་མགྱོགས་ཟས་ཟ་ཁང་དུ་ཞིབ་བཤེར་བྱས་པ་རེད།

    ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་མཚམས་གཅོད་ཀྱིས་ཆེད་དོན་ཞིབ་བཤེར་བྱས་པའི་གནད་ཚུལ་ལ་གཞིགས་ན། ལྷ་ས་གོང་དཀར་གནམ་ཐང་གི་མཁའ་འགྲུལ་འགག་སྒོའི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་གནས་ཚུལ་ལེཌ་པོ་ཡོད། སླད་ཕྱིན་རྟག་ཏུ་ཁོངས་གཏོགས་ཁེ་ལས་སུ་དེའི་རིགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་ཏེ་ལྷ་ས་གོང་དཀར་གྱི་འགག་སྒོའི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱ་རྒྱུ་ཡིན། “དེ་དང་དུས་མཚུངས་ང་ཚོས་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་རང་འགུལ་ངང་ལྟ་སྐུལ་དོ་དམ་ནང་ཞུགས་རྒྱུར་འབོད་སྐུལ་བྱས་པ་ཡིན་ལ། ཞུ་གཏུགས་ཐེར་འདོན་གྱི་ཁ་པར་ཨང་གྲངས་ནི་0891-6283645ཡིན། རེ་བར་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ལྷ་ས་གོང་དཀར་གྱི་མཁའ་འགྲུལ་འགག་སྒོ་དེ་ཡང་བཟའ་བཅར་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་འགག་སྒོ་ཞིག་ཏུ་འགྱུར་བར་བྱ་དགོས”ཞེས་མཚམས་གཅོད་ཀྱིས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།