[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གྲྭ་བཞི་ལམ་དུ་འཕྲུལ་སྒུལ་མིན་པའི་འཁོར་ལོ་འཇོག་ས་དང་རླངས་འཁོར་འཇོག་གནས་200ཙམ་གསར་དུ་འཆར་འགོད་བྱས་པ།

    རླངས་འཁོར་གཏན་འབེབས་བཞིན་མ་བཞག་ན་ཉེས་ཆད་སྒོར་200གཏོང་རྒྱུ་དང་སྐར་མ་3གཅོག་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    ཟླ་9ཚེས་18ཉིན། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཛེས་ལྗོངས་ཁུལ་ཉེ་འགྲམ་གྱི་འགྲོ་ལམ་འགྲིམ་འགྲུལ་དེ་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་གཏོང་ཐུབ་པ་བཅས་ཡོང་བའི་འགན་ལེན་དང་མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱིས་སྣེ་ཁྲིད་དེ་གྲྭ་བཞི་སྡེ་ཁུལ་དང་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སི་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཏེ། གྲྭ་བཞི་ལམ་དུ་འཕྲུལ་སྒུལ་མིན་པའི་འཁོར་ལོ་འཇོག་ས་དང་རླངས་འཁོར་འཇོག་གནས་200ཙམ་གསར་དུ་འཆར་འགོད་བྱས་པས་གྲྭ་བཞི་དགོན་ཉེ་འཁོར་འགྲོ་ལམ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་ཕྱིན་པ་རེད།

    liy89741.jpg

    ཡུལ་སྐོར་མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་འགྲིམ་འགྲུལ་གནོན་ཤུཌ་ཆེ་བ།

    རྒྱུན་གཏན་གྱི་ལས་དོན་དང་ས་གནས་ས་ཐོག་གི་རྩད་ཞིབ་བརྒྱུད། ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གྲྭ་བཞི་དགོན་མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ཐད་མི་མངོན་པའི་རྐྱེན་ངན་མང་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། ལམ་དུམ་བུ་དེའི་མངོན་ཡོད་ཆ་རྐྱེན་རྗེས་ལུས་ཐེབས་པ་སོགས་ཀྱི་རྐྱེན་པས་གྲོང་མི་ཚོའི་རྒྱུན་གཏན་འགྲོ་འོང་གི་དགོས་མཁོ་སྐོང་ཐབས་བྲལ་ཡོད། ཉེ་འགྲམ་དུ་སྡོད་མཁན་དང་རྒྱ་ཆེའི་ཡུལ་སྐོར་བ་ཚོས་གནད་དོན་དེར་ཡི་མ་རང་བ་དང་ཐ་ན་གནམ་ཟམ་རྒྱག་པའམ་ཡང་ན་ལམ་ངོས་རྒྱ་ཆེར་གཏོང་རྒྱུའི་གྲོས་འགོ་འདོན་མཁན་ཡང་བྱུང་ཡོད། གནས་ཚུལ་དེ་རིགས་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་2018ལོའི་ལྷ་ས་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་རིང་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུཌ་ཆུང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཕུལ་བ་རེད།

    གྲྭ་བཞི་དགོན་གྲྭ་བཞི་ལམ་དུ་གནས་པ་དང་། དེ་གར་ཡོང་མཁན་གྱི་ཡུལ་སྐོར་བ་ཤིན་ཏུ་མང་བའི་དབང་གིས་ལམ་དུམ་བུ་དེར་རྟག་ཏུ་ལམ་འགག་པའི་གནས་ཚུལ་ཐོན་གྱི་ཡོད། ལྷ་ས་གྲོང་ཁྱེར་ཡུལ་སྐོར་མཛེས་ལྗོངས་ཁུལ་ཉེ་འགྲམ་གྱི་འགྲོ་ལམ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དེ་སྔ་གྲོས་གཞིའི་ནང་། ལྷ་ས་གྲོང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཉེ་འགྲམ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུའི་གྲོས་འགོ་བཏོན་ཞིང་། འགྲོ་ལམ་གྱི་གནས་ཚུལ་དང་མཛེས་ལྗོངས་ཁུལ་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་ངང་འཁོར་ལམ་བཀོད་སྒྲིག་བྱེད་པ་དང་། ལམ་དཀྱིལ་དུ་ལྕགས་དྲ་གཏོང་བ། ཉེན་ཟོན་བརྡ་རྟགས་བསྒར་བ་མ་ཟད། ཡུལ་སྐོར་ཕྱོགས་སྟོན་གྱི་མཚོན་རྟགས་དང་ཡུལ་སྐོར་གྱི་འབྲེལ་ཡོད་སྤྱི་པའི་ཆ་འཕྲིན་ཕྱོགས་སྟོན་མ་ལག་འཛུགས་སྐྲུན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཕྱོགས་སྟོན་མཚོན་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། འགྲོ་ལམ་སྤྱི་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་བ། ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་རིམ་སྤོར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་ཡུལ་སྐོར་འགྲིམ་འགྲུལ་གྱི་ཁོར་ཡུག་ལེཌ་པོ་ཞིག་བསྐྲུན་རྒྱུའི་གྲོས་འགོ་བཏོན་ཡོད། དོན་དངོས་གནས་ཚུལ་ལ་གཞིགས་ནས་འགྲོ་ལམ་རྒྱ་ཆེར་གཏོང་བ་དང་རླངས་འཁོར་འཇོག་ས་ཡོད་པ་དང་ཤར་གཏོང་ཐུབ་རྒྱུའི་གནོན་ཤུགས་ཆུང་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོཌ་ཚོར་དེ་བས་བདེ་འཇཌ་དང་སྟབས་བདེ་བའི་ཤར་བགྲོད་ལམ་བུ་ཞིག་བཏོད་ཡོད།

    འགྲོ་ལམ་རྒྱ་ཆེར་བཏང་ནས་རླངས་འཁོར་འཇོག་གནས་སྒྱུར་བཀོད་བྱས་པ།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ཤར་རུ་ཆེན་གྱི་རུ་དཔོན་རྒན་པ་པ་ནོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲྭ་བཞི་ལམ་རྒྱ་ཆེར་གཏོང་རིང་ལམ་བཟོ་མཁན་གྱིས་གྲྭ་བཞི་ལམ་དུ་ཡོད་པའི་སྔོ་ལྗང་དང་ལམ་སྒྲོན་སོགས་སྒྲིག་ཆས་ཚང་མ་མེད་པ་བཟོས་པ་དང་ཆབས་ཅིག་སྣུམ་ནག་བཏིང་ནས་ལམ་ངོས་རྒྱ་ཆེར་བཏང་སྟེ་རྒྱ་ཆེའི་གྲོང་མི་ཚོའི་འགྲོ་འོང་ཐད་སྟབས་བདེ་བསྐྲུན་ཡོད་པ་རེད།

    ཟླ་9ཚེས་18ཉིན། གསར་འགོད་པ་གྲྭ་བཞི་ལམ་དུ་ཡོང་སྐབས་ལམ་གཡས་གཡོན་དུ་རླངས་འཁོར་མང་པོ་བཞག་ཡོད་པ་མཐོང་། གྲྭ་བཞི་དགོན་གྱི་སྒོ་འགྲམ་དུ་ད་དུང་འཕྲུལ་སྒུལ་མིན་པའི་འཁོར་ལོ་འཇོག་སའི་བྱང་བུ་བཀལ་ཡོད་པ་མ་ཟད། ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ལྕགས་དྲ་བཟོས་ནས་འཕྲུལ་སྒུལ་མིན་པའི་འཁོར་ལོ་འཇོག་ས་དང་འཕྲུལ་སྒུལ་འཁོར་རིགས་འགྲོ་སའི་ལམ་ལོགས་སུ་དབྱེ་ཡོད། 

    པ་ནོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲྭ་བཞི་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་ཡོང་ཆེད་གྲོང་ཤར་རུ་ཆེན་གྱིས་གྲྭ་བཞི་ལམ་གྱི་ཉེ་འཁོར་དུ་ཡོད་པའི་ཁྲིམས་འགལ་གྱི་རླངས་འཁོར་འཇོག་ས་ཁག་གཅིག་མེད་པ་བཟོས་ཤིང་ད་དུང་གྲྭ་བཞི་ལམ་གྱི་གཡས་གཡོན་གཉིས་སུ་རླངས་འཁོར་འཇོག་ས་200ཙམ་བཀོད་སྒྲིག་བྱས་ཡོད་པས་རླངས་འཁོར་རྣམས་འཆར་འགོད་བྱས་པའི་ས་ཁོངས་སུ་འཇོག་ཆོག་གི་ཡོད། རླངས་འཁོར་འཇོག་ས་དེ་གྲྭ་བཞི་སྡེ་ཁུལ་ཉེ་འཁོར་ཁུལ་ཆུང་གི་ཡུལ་མི་དང་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ལས་དོན་པས་མཉམ་དུ་དོ་དམ་བྱེད་ཀྱི་ཡོད། མིག་སྔར། གྲྭ་བཞི་ལམ་དུ་འཕྲུལ་སྒུལ་མིན་པའི་འཁོར་ལོ་འཇོག་གནས་དང་འཆར་འགོད་བྱས་པའི་རླངས་འཁོར་འཇོག་གནས་200ཙམ་ཡོད་པ་དེ་དག་ད་ཆ་ཚོད་ལྟའི་གཉེར་སྐྱོང་བྱེད་བཞིན་ཡོད།

    པ་ནོར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ལྟར་གྲོང་ཤར་རུ་ཆེན་གྱིས་ད་དུང་མི་དམངས་ཉེན་རྟོག་པ་ལམ་དུམ་བུ་དེར་སྐོར་གཡེང་ལྟ་སྐུལ་བྱེད་པར་གཏོང་གི་ཡོད། གལ་སྲིད་གཏན་འབེབས་བྱས་པའི་ས་ཁོངས་སུ་རླངས་འཁོར་མ་བཞག་པར་དེ་ལས་ལྡོག་ནས་གོ་རིམ་མེད་པར་བཞག་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་དངུལ་ཆད་སྒོར་200གཏོང་རྒྱུ་དང་སྐར་མ་3གཅོག་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།