[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དུ་ཁུང་ནང་གི་སྣུམ་དྲེག་ལས་ཟ་ཁང་ལ་མེ་ཤོར་གྲབས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    ཉིན་ཤས་གོང་། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀུན་བདེ་གླིང་མངགས་གཏོང་ཁང་དང་ཉེན་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་། མེ་ཟོན་དཔོན་དམག འོས་འགན་མེ་གསོད་རུ་མི་སོགས་ཀྱིས་ཐོལ་བྱུང་མེ་སྐྱོན་ཞིག་ཐབས་ཤེས་ཡོད་རྒུས་ཐག་གཅོད་འོས་འཚམས་བྱས་པ་རེད།

    2017ལོའི་ཟླ་12ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཡོལ་ཙམ་ལ་ཀུན་བདེ་གླིང་མངགས་གཏོང་ཁང་མི་རིགས་བྱང་ལམ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་ཉེན་ཟོན་སྐོར་གཡེང་དུ་སྐྱོད་སྐབས། ཁོངས་གཏོགས་ཁུལ་གྱི་ཟ་ཁང་ཞིག་གི་ཐོག་ཁ་ནས་མེ་སྟག་དང་དུ་ནག་ལང་ལོང་དུ་འཕྱུར་བ་ཤེས་རྟོགས་བྱུང་།

    སྐོར་གཡེང་མི་དམངས་ཉེན་རྟོག་པས་གནས་ཚུལ་དེ་མཐོང་འཕྲལ་མངགས་གཏོང་ཁང་བདེ་འཇགས་རུ་འབྲིང་གི་མི་དམངས་ཉེན་རྟོག་པ་དང་མཐའ་འཁོར་ཉེན་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པར་རོགས་སྐྱོར་བྱེད་པར་ཡོང་རྒྱུའི་རེ་འདུན་ཞུས་པ་དང་ཆབས་ཅིག མེ་ཟོན་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་གནས་ཚུལ་ཐོན་ཡུལ་དུ་ཡོང་རྒྱུའི་རེ་འདུན་ཡང་ཞུས། དེ་རྗེས་མི་དམངས་ཉེན་རྟོག་པས་ཐོག་ཁར་ལྟ་བར་སྐྱོད་སྐབས་དུ་ཁུང་ནས་མེ་འབར་བ་མཐོང་། གལ་ཏེ་འཕྲལ་དུ་མེ་གསོད་ཐབས་མ་བྱས་ན་མེ་གང་སར་མཆེད་ནས་སྟར་པ་འདིའི་ཚོང་དུད་གཞན་དག་ལའང་མེ་སྐྱོན་ཤོར་ཉེན་ཡོད་པ་དང་གྱོང་གུན་ཡང་ཆེན་པོ་ཕོག་ཉེན་ཡོད་པ་རེད།

    གནས་ཚུལ་ཛ་དྲག་པའི་རྐྱེན་གྱིས་མི་དམངས་ཉེན་རྟོག་པས་འཕྲལ་དུ་གནས་ཚུལ་ཐོན་ཡུལ་དུ་ཡོད་པའི་མི་སྣ་ཁ་བཀྲམ་ནས་དེ་ཁུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་པ་མ་ཟད། འོས་འགན་མེ་གསོད་རུ་མི་དང་མཉམ་དུ་མེ་གསོད་ཡོ་བྱད་ཁྱེར་ནས་ཟ་ཁང་གི་ཐོག་ཁར་འཛེགས་ཏེ་དུ་ཁུང་ནང་གི་མེ་གསོད་འགོ་བརྩམས། མི་དམངས་ཉེན་རྟོག་པ་དང་འོས་འགན་མེ་གསོད་རུ་མིས་སྐར་མ་10ལྷག་ཙམ་མེ་བསད་མཐར་དུ་ཁུང་ནང་གི་མེ་གསོད་ཐུབ་ཙམ་བྱུང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ད་ཐེངས་ཀྱི་མེ་སྐྱོན་བྱུང་རྐྱེན་ནི་དུ་འཐེན་ཡོ་བྱད་ཡུན་རིང་སྤྱད་པ་ལས་དུས་ཐོག་ཏུ་གཙང་སེལ་མ་བྱས་པར་བརྟེན་དུ་ཁུང་ནང་སྣུམ་དྲེག་གིས་ཁེངས་པ་དང་། དེ་ཉིན་ཟ་ཁང་གི་མ་བྱན་གྱིས་ཁ་ལག་བཟོ་སྐབས་མེ་སྟག་དུ་ཁུང་ནང་མཆེད་ནས་དུ་ཁུང་ནང་གི་སྣུམ་དྲེག་ལ་མེ་འབར་བ་རེད། སྟབས་ལེགས་པ་ཞིག་ལ་ད་ཐེངས་ཀྱི་མེ་སྐྱོན་ཁྲོད་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཕོག་མེད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།