[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • “ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ལས་དུས་རབས་གསར་པའི་བོད་གསར་པར་ལྟ་བའི”བཞུགས་མོལ་ཚོགས་འདུ་ནེ་པ་ལར་འཚོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-29

    ཉེ་ཆར། “ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ལས་དུས་རབས་གསར་པའི་བོད་གསར་པར་ལྟ་བའི”བཞུགས་མོལ་ཚོགས་འདུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་ཤིང་། ནེ་པ་ལའི་སྲིད་གཞུང་གི་དཔོན་རིགས་དང་། གྲགས་ཅན་མཁས་དབང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ། སྨྱན་སྦྱོར་ཚོགས་པ། ཁེ་ལས་ཚན་པ་བཅས་ཀྱི་འགན་འཁུར་བ་དང་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླའི་འཐུས་མི་སོགས་ཁག་གཅིག་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ་བ་རེད།

    བཞུགས་མོལ་ཚོགས་འདུ་ནི་ནེ་པ་ལ་ཐེན་ལི་དཔེ་སྐྲུན་རིག་གནས་ཀུང་སི་དང་ཀྲུང་གོ་བོད་ལྗོངས་དཔེ་ཚོང་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་རེད། ནེ་པ་ལ་ཐེན་ལི་དཔེ་སྐྲུན་རིག་གནས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཁྲེན་ཞའོ་ཧྲོང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པ་དང་སྦྲགས། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་ཀྱང་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བསུས་ཡོད། ཀྲུང་གོའི་བོད་ལྗོངས་ཀྱིས་དམིགས་བསལ་གྱི་ས་ཁོངས་ལེགས་ཆ་དང་ས་བབ་ལེགས་ཆར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གནད་འགག་གལ་ཆེན་དང་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་དུ་གྱུར་ཡོད། “དེ་རིང་ང་ཚོ་མཉམ་འཛོམས་བྱས་ཏེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐད་རང་ཉིད་ཀྱི་མྱོང་ཚོར་དང་ལྟ་སྟངས་གླེང་རྒྱུ་དང་འབྲེལ་ཀྲུང་ནེས་ཇི་ལྟར་བྱས་ཏེ་ལག་གདང་སྦྲེལ་ནས་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུའི་ཐད་ཐུན་མོང་ཐོག་དཔྱད་བསྡུར་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    ནེ་པ་ལ་དཔེ་སྐྲུན་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་པཱ་སང་ཐཱ་ཡིས། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཁག་གཉིས་པ་དེ་ཡིན་པ་དེའི་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ཡོད། ནེ་པ་ལ་ནི་ཀྲུང་གོ་དང་རྒྱ་གར་དང་ས་མཚམས་འབྲེལ་ཡོད་པས་ནེ་པ་ལས་ཀྲུང་གོ་དང་རྒྱ་གར་སྦྲེལ་མཐུད་ཀྱི་འབྲེལ་ཟམ་བྱེད་ཐུབ། དེ་དང་ཆབས་ཅིག་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་མཐུན་ཟབ་མོ་རྒྱུན་འཁྱོངས་བྱེད་པ་ནི་ཕྱོགས་གཉིས་ཀར་ཕན་པ་ཐོབ་པའི་བྱ་བ་བཟང་པོ་ཞིག་ཀྱང་རེད་ཅེས་བརྗོད།

    པཱ་སང་ཐཱ་ཡིས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་ས་མཚམས་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད། ལོ་རྒྱུས་ཐོག་ནས་བལྟས་ན་ཀ་ཏ་མན་རྡུའི་དར་རྒྱས་གོང་འཕེལ་ཐད་རྒྱ་གར་དང་ཀྲུང་གོའི་བོད་ལྗོངས་དབར་གྱི་ཚོང་དོན་འགྲོ་འོང་ལས་ཕན་པ་བྱུང་ཡོད། དེར་བརྟེན་ཀྲུང་གོའི་བོད་ལྗོངས་ཀྱི་འབྱུང་འགྱུར་འཕེལ་རྒྱས་དེ་ནེ་པ་ལའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

    ནེ་པ་ལ་ཇོ་ནང་ནང་བསྟན་སློབ་གླིང་གི་དྲུང་ཆེ་ཤང་པོ་ཡིས་སྔར་ནས་བཟུང་ནེ་ཀྲུང་ནི་རི་ཆུ་འབྲེལ་ལ་དམངས་སེམས་གཅིག་མཐུན་ཡིན་ཞིང། ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་དབར་རི་གཅིག་ལས་ཆོད་མེད་པས་ས་ཆ་གཉིས་པོའི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་ཡོད། ཀྲུང་གོའི་བོད་ལྗོངས་ཡུན་རིང་ཞི་མཐུན་བརྟན་ལྷིང་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སོང་པ་ལས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། ང་ཚོས་ཀྲུང་གོ་དང་སྲོལ་རྒྱུན་མཛའ་མཐུན་ལ་གཅེས་འཛིན་བྱེད་པ་དང་ཀྲུང་གོ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། ཁྱིམ་མཚེས་ཡག་པོ་བཅས་སུ་འགྱུར་རེ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོས་ནེ་པ་ལ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་མོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལག་ལེན་བྱེད་སྒོ་རྒྱ་བསྐྱེད་ཧུར་ཐག་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    བཞུགས་མོལ་ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་མི་སྣས་ད་དུང་ཀྲུང་གོའི་བོད་ལྗོངས་ཀྱི་སྤྱི་ཚོགས་རྣམ་པ་མཚོན་པའི་པར་རིས་ལ་བལྟས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།