[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-15

    ཤིན་ཧྭ་གསར་འགྱུར་ཁང་པི་སི་ཁེག་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་པི་སི་ཁེག་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་མོ་ཏིས་རྒྱ་གར་གྱི་ཙུང་ལིའི་འགན་བསྟུད་མར་བཞེས་པར་སླར་ཡང་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་འཛམ་གླིང་ཐོག་མི་འབོར་དུང་ཕྱུར་10རིམ་པའི་གསར་དར་ཁྲོམ་རའི་རྒྱལ་ཁབ་གཉིས་ཡིན་པའི་ཀྲུང་གོ་དང་རྒྱ་གར་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་ཐོག་གནས་ཡོད། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དེས་ཕན་ཚུན་དབར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཨེ་ཤེ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ། ན་ནིང་ཝུའུ་ཧན་དུ་ང་དང་སྐུ་ཞབས་ཙུང་ལི་ཕྱོགས་མཇལ་འཛོམས་བྱུང་བ་དེས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་ཁྲིད་སྟོན་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་རྒྱ་གར་དབར་གྱི་དེ་བས་དམ་ཟབ་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་རྒྱ་གར་ཕན་ཚུན་འཕེལ་རྒྱས་གཏོང་རྒྱུ་གོ་སྐབས་སུ་བྱེད་པ་དང་ཕན་ཚུན་དབར་འཇིགས་སྐུལ་མི་བྱེད་པའི་གཞི་རྩའི་བརྡར་གཅོད་མཐའ་འཁྱོངས་བྱེད་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལ་དམིགས་པ། མི་མཐུན་པ་ཐག་གཅོད་འོས་འཚམ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུ་ནོར་ངོ་མ་དང་དྲང་ནུས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    མོ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྲན་གྱིས་རྒྱ་གར་ཙུང་ལིའི་འགན་བསྟུད་མར་འཁུར་བར་སླར་ཡང་རྟེན་འབྲེལ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ན་ནིང་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཝུའུ་ཧན་དུ་མཇལ་འཛོམས་བྱུང་བར་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་གསར་པར་སྐུལ་མ་ཐེབས་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱབ་ཁོངས་ཆེན་པོའི་ནང་ཕྱོགས་གཉིས་པོའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་དབར་གྱི་མི་མཐུན་པ་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། རྒྱ་གར་དང་ཀྲུང་གོ་ཕྱོགས་གཉིས་པོས་ཕྱི་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བ་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་མཉམ་དུ་འཆར་འགོད་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།