[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཀྲུང་གོའི་སྤུས་རྟགས་ཚོང་ཟོག་ཡོ་རོབ་དབུས་ཤར་ཁུལ་དུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཧང་ག་རིར་བསྐྱོད་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་མངགས་གསར་འགོད་པ། ཡུས་དབྱང་གིས།    |    སྤེལ་དུས།   2019-06-15

    ཉེ་ཆར། ཀྲུང་གོའི་སྤུས་རྟགས་ཚོང་ཟོག(ཡོ་རོབ་དབུས་ཤར)འགྲེམས་ཚོགས་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་གཉེར་མཇུག་འགྲིལ་བ་རེད། འགྲེམས་ཚོགས་འདི་ཀྲུང་གོའི་ཚོང་དོན་པུས་གཙོ་གཉེར་བྱས་པ་ཞིག་རེད། དུས་ཡུན་ཉིན་3གྱི་བྱེད་སྒོའི་དམིགས་ཡུལ་ནི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཏུ་ཀྲུང་གོའི་ཚོང་ཟོག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་རེད།

    ད་ཐེངས་ཀྱི་འགྲེམས་ཚོགས་ལ་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་14ཡི་ཁེ་ལས་329ཞུགས་ཡོད་པ་རེད། འགྲེམས་ཞུགས་ཁེ་ལས་ཀྱི་ལས་རིགས་ལ་ཕྱོགས་བསྡུས་རང་བཞིན་གྱི་བཟོ་ལས་དང་། རིག་གནས་ཚོང་དོན། ཕྱིར་གཏོང་ཚོང་དོན་གྱིས་གཙོས་གྲུབ་ཆ་ཆེན་པོ་གསུམ་གྱི་ལས་རིགས་15ཚུད་ཡོད་པ་རེད། གཞན་ཡང་། ད་དུང་ཧང་ག་རི་དང་། སི་ལོ་ཝ་ཁེ་ཡ། ཁ་རེ་ཤེ་ཡ་སོགས་རྒྱལ་ཁབ་10ཡི་ཁེ་ལས་60ལྷག་ཙམ་ལས་གྲུབ་པའི་ཡོ་རོབ་དབུས་ཤར་གྱི་འགྲེམས་ཁུལ་ཡོད་པ་རེད།

    “ང་རང་ལོ་ལྟར་གྱི་ཀྲུང་གོའི་སྤུས་རྟགས་ཚོང་ཟོག་འགྲེམས་ཚོགས་ལ་ཞུགས་ཀྱི་ཡོད། འདི་ལོ་འགྲེམས་སྟེགས་ཀྱི་གྲངས་འབོར་རམ་ཡང་ན་ཐོན་རྫས་ཀྱི་རིགས་གང་ཞིག་ཡིན་རུང་། ཚང་མ་སྐབས་རིམ་བྱུང་གི་འགྲེམས་ཚོགས་ལས་གཞི་ཁྱོན་ཆེ་ཤོས་རེད་འདུག”ཅེས་ཧང་ག་རིའི་ལུས་རྩལ་གྱོན་ཆས་སྤུས་རྟགས་ཚོང་ཟོག་ཉོ་སྒྲུབ་ཚོང་པ་ཨའོ་ལི་ཕུས་གསར་འགོད་པར་བརྗོད་བྱུང་།

    “ཀྲུང་གོའི་སྤུས་རྟགས་ཚོང་ཟོག(ཡོ་རོབ་དབུས་ཤར)འགྲེམས་ཚོགས་ཀྱི་ཐོག་མའི་ངེས་གནས་ནི་འཕྲུལ་གློག་ཐོན་རྫས་ཀྱི་གཙོས་པའི་བཟོ་ལས་འགྲེམས་ཚོགས་རེད། ཡིན་ནའང་། ཉེ་ལམ་ལོ་ཤས་རིང་འགྲེམས་ཚོགས་ལ་ཞུགས་མཁན་ཀྲུང་གོའི་སྤུས་རྟགས་ཚོང་ཟོག་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། འདི་ལོ་དམངས་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་གྲངས་འབོར་མང་པོ་འཕར་ནས་ཉོ་སྒྲུབ་ཚོང་པ་དང་གནས་དེ་གའི་དམངས་ཚོགས་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད”ཅེས་ཡོ་རོབ་དབུས་མའི་ཚོང་དོན་ཟོག་འགྲེམས་མཉམ་ལས་གླིང་གི་དབུ་བཞུགས་ལག་བསྟར་དཔོན་ཝུའུ་ཅང་གིས་བརྗོད་བྱུང་།

    ཧང་ག་རི་ནི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལ་ཁྲིམས་བཟོ་མཁན་ཡོ་རོབ་ཀྱི་རྒྱལ་ཁབ་དང་པོ་དེ་ཡིན་ཞིང་། ཧང་ག་རིར་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཐོན་རྫས་ལ་དམངས་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་ལ་ཞིང་ཆེན་དང་གྲོང་ཁྱེར་མི་འདྲ་བ་ནས་སླེབས་པའི་འགྲེམས་ཞུགས་ཚོགས་པ་ཚང་མས་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྤུས་རྟགས་འགྲེམས་སྟེགས་བཏོད་ནས། ཀྲུང་ལུགས་གསོ་རིག་གི་གཞུང་ལུགས་ནས་ཀྲུང་ལུགས་གསོ་རིག་གི་སློབ་གསོ་དང་། ཀྲུང་ལུགས་སྨན་ནས་གསེར་ཁབ་རྒྱག་ཐབས་བར་ཕྱོགས་མི་འདྲ་བ་ནས་གནས་དེ་གའི་དམངས་ཚོགས་ལ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱ་ཆེ་ཟབ་ཡངས་ངོམ་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།