[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ལོན་ཏོན་གྱི་བྱིས་པས་སེམས་ནང་གི་ཀྲུང་གོའི་རིག་གནས་རི་མོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཀུའུ་ཀྲེན་ཆིའུ་ཡིས།    |    སྤེལ་དུས།   2018-02-28

    ཀུའུ་ཀྲེན་ཆིའུ་ཡིས།ཚོན་མདོག་རྣམ་པར་བཀྲ་བའི་རྒྱལ་སྒོ་ཞིག་ཕྱེད་ཙམ་ཕྱེ་ཡོད་ཅིང་། དེའི་ནང་ནས་ཁྱི་ཞིག་གིས་མགོ་བོ་རྙོང་བཞིན་ཕྱི་རོལ་གྱི་ཁ་ལ་ལྒང་བཞུ་དམར་པོ་འཁྱེར་བའི་ཁྱི་ཆེན་ཞིག་བསྒུགས་ནས་ཡོད། ཁྱི་ཆེན་དེའི་སྒལ་པར་ཁྱི་གུ་ཞིག་ལངས་ནས་ཡོད་པ་དང་། སྡེར་མོ་གཉིས་ཀྱིས“2018”ཞེས་འཁོད་པའི་ཆ་ཡིག་དམར་པོར་རེག་བཞིན་ཡོད་པ། སྒོ་ཐོད་དུ“ལོ་གསར་བཀྲ་ཤིས”ཞེས་རྒྱ་ཡིག་སྦྱར་བའི་ལྒང་བཞུ་དམར་པོ་4བཀལ་ཡོད།

    གོང་གསལ་གྱི་འཆར་སྣང་འདི་ནི་དབྱིན་ཇིའི་ལོན་ཏོན་རུའེ་ཡ་རྒྱ་ཡིག་སློབ་གྲྭའི་སློབ་ཆུང་སློབ་མར་དཔྱིད་གསར་ལ་བསུ་བ་ཞུ་བའི་བརྡ་སྦྱོར་ཇུས་འགོད་འགྲན་བསྡུར་ལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ཤིག་རེད། རི་མོ་དེ་འབྲི་མཁན་དང་འགྲན་བསྡུར་ལ་ཕུལ་དུ་བྱུང་བའི་སློབ་མ་གཞན་12ཀྱིས་ཚེས་25ཉིན་གྱི་དགོང་མོ་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་བླངས་པ་རེད།

    རུའེ་ཡ་རྒྱ་ཡིག་སློབ་གྲྭ་2006ལོར་བཙུགས་ཤིང་། ད་ཐེངས་སློབ་གྲྭ་དེ་དང་དབྱིན་ཇིའི་ཁུ་རུའེ་སྨྱན་སྦྱོར་གྱིས་ཐུན་མོང་ཐོག་འགྲན་ཞུགས་བརྩམས་ཆོས་བསྡུ་བའི་བརྡ་ཐོ་བཏང་བར་ཡུལ་དེ་གའི་སློབ་མ་དང་ཁྱིམ་བདག་གི་དགའ་བསུ་ཆེན་པོ་ཐོབ་པ་རེད། ད་ཐེངས་ཀྱི་འགྲན་ཞུགས་བརྩམས་ཆོས་ཁྱོན་113ཡོད་པ་དང་འགྲན་ཞུགས་པ་ཆུང་ཤོས་ལོ་4རེད། བརྩམས་ཆོས་དེ་དག་དྲ་ཐོག་ཏུ་ཡོངས་བསྒྲགས་བྱས་རྗེས་དུས་ཡུན་ཐུང་ངུའི་ནང་ལྟ་ཀློག་བྱེད་ཚད་ཁྲི་76.4ལྷག་ཙམ་ཟིན་ཡོད།

    རུའེ་ཡ་རྒྱ་ཡིག་སློབ་གྲྭའི་སློབ་སྤྱི་ཞུས་ཀྲེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་རི་མོ་འབྲི་བ་ནི་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་དང་བརྒྱུད་སྤེལ་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་རེད་ལ་ཕྲུ་གུ་ཚོས་དགའ་པོ་བྱེད་པའི་མཚོན་སྟངས་ཤིག་ཀྱང་རེད། དཔྱིད་གསར་དུས་ཆེན་རིང་བསམ་བཀོད་ཇུས་འགོད་འགྲན་བསྡུར་གཉེར་བ་དེས་ཕྲུ་གུ་ཚོས་ཀྲུང་ཧྭའི་དམངས་སྲོལ་ཤེས་རྟོགས་ཐུབ་ལ་ཕུལ་བྱུང་བརྩམས་ཆོས་བརྒྱུད་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཀྲུང་ཧྭ་རིག་གནས་ལ་དགའ་བའི་ཚོགས་སྤྱིའི་ཁྲོད་ཀྲུང་ཧྭའི་མིང་བྱང་སྔར་བས་གཏོད་ཐུབ་པ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་ཐུབ་ཅེས་བཤད་བྱུང་།

    ཞུས་ཀྲེས་རུའེ་ཡ་རྒྱ་ཡིག་སློབ་གྲྭས་བྱེད་སྒོ་དེ་དེ་བས་རྒྱ་ཆེ་བའི་ཀྲུང་གོའི་རིག་གནས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་བཏང་ནས་ཕྲུ་གུ་ཚོས་ཀྲུང་གོའི་རིག་གནས་ཀྱི་འགྲུལ་བཞུད་ལ་དབྱིངས་ཞུགས་ནས་ཉམས་ལེན་ཐུབ་པ་བྱེད་རྩིས་ཡོད། རུའེ་ཡ་རྒྱ་ཡིག་སློབ་གྲྭའི་སློབ་མ་མང་ཆེ་བ་ནི་ཀྲུང་གོ་བའི་རྗེས་རབས་ཡིན་ཞིང་། ཁོང་ཚོ་ཀྲུང་གོ་དང་ས་ཐག་རྒྱང་བའི་དབྱིན་ཇིར་སྐྱེས་པས་རང་ཉིད་ཀྱི་མཚོན་སྟངས་ནས་ཁོང་ཚོའི་མིག་ནང་གི་ཀྲུང་གོའི་རིག་གནས་མཚོན་པར་བྱས་ཡོད་ཅེས་བཤད།

    དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་རིག་གནས་ཁྲུའི་གཞུང་ཚབ་རིམ་པའི་ཚན་ཙན་ཤང་ཞའོ་ཝུའེ་ཡིས་དེ་གར་ཡོད་པའི་སློབ་ཆུང་སློབ་མ་200ལྷག་ཙམ་ལ་རྒྱ་ཡིག་ནི་ཀྲུང་གོའི་རིག་གནས་ཀྱི་མཆོག་ནོར་ལྟ་བུ་རེད། རྒྱ་ཡིག་ཡག་པོ་སྦྱངས་ན་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་མི་དམངས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤེས་རྟོགས་བྱེད་པའི་ལྡེ་མིག་ཅིག་རག་པ་དང་ཁྱད་མེད་ཅེས་བཤད།

    ལོན་ཏོན་གྲོང་ཁྱེར་པུའུ་ལང་ལིས་ཆུས་ཀྱི་གྲོང་མི་ཅིན·པོ་ཐིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“ཀྲུང་གོས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་བསྟུན་རྒྱ་ཡིག་སྦྱོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། རྒྱ་ཡིག་ནི་དུས་རབས་21པའི་སྐད་ཡིག་ཅིག་ཡིན་པས་ངས་དབྱིན་ཇིའི་བྱིས་པ་དེ་བས་མང་བར་རྒྱ་ཡིག་སྦྱངས་ནས་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱ་རྒྱུའི་སྐུལ་ལྕག་མུ་མཐུད་གཏོང་རྒྱུ་ཡིན”ཞེས་བཤད་བྱུང་།

    དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་རིམ་པའི་ཚན་ཙན་དང་སྤྱི་ཁྱབ་ཁེ་སྐྱོང་གཅིག་ལྕོགས་ཧྥེ་མིང་ཤིང་གིས་ད་དུང“རྒྱུད་གཅིག་ལམ་གཅིག”ནི་དབྱིན་ཇིའི་སློབ་ཆུང་སློབ་མས་ཀྲུང་གོའི་རིག་གནས་ཤེས་རྟོགས་བྱེད་པར་ཧ་ཅང་གལ་ཆེན་པོ་རེད། གནའ་རབས་ཀྱི་དར་གོས་ལམ་བུ་དང་ད་ཆའི“རྒྱུད་གཅིག་ལམ་གཅིག”ལ་འཛམ་གླིང་དུ་དགའ་བསུ་ཆེན་པོ་ཐོབ་དགོས་དོན་གཅིག་ནི་དེས་ཞི་བདེར་སྐུལ་འདེད་དང་། མཛའ་གྲོགས་ཟབ་དུ་གཏོང་། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།